R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༢
[A:༧༠༢]མགུལ་ཡང་ཅུང་ཟད་འཛེར་ཉམས་ཆེ་བ་སོགས་སྔོན་རྒྱལ་ཆེན་འདི་ཉིད་མཁས་གྲུབ་ཆེན་པོར་བཞུགས་པར་གཞན་གྱིས་ཕྲག་དོག་གིས་བཀྲོང་སྐབས་མགུལ་དུ་དར་རྫོང་ཕུལ་བ་སོགས་ཀྱི་མཚོན་བྱེད་ཡིན་པ་ཀུན་གྱིས་བརྗོད་པ་སོགས་དང། དོན་དུ་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བཱིར་བ་པ་དང། གོང་གི་ཐུགས་སྲས་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་རྣམས་ཐུགས་རྒྱུད་གཅིག་པ་ཡིན་པ་ལུང་གིས་ཀྱང་གྲུབ་སྟེ། དེ་ཡང་བླ་མ་ས་ཆེན་འདི་ཉིད་བལྟམས་ནས་རིང་པོར་མ་ལོན་པ། བླ་མ་གནམ་ཁའུ་པ་དེ་ཉིད་ཀྱི་སྐུ་པང་དུ་བཞེས་ཤིང་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ངེས་པ་ཡིན་ཅིང་རྣལ་འབྱོར་དབང་ཕྱུག་ཉིད་དུའང་མི་འགལ་བ་ཡིན་ནོ། །ཞེས་གསུངས་པ་འདི་ཡིས་གྲུབ་པ་དང། དེ་རྣམས་དང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དང་ཐུགས་རྒྱུད་གཅིག་པ་ནི་གྲུབ་ཆེན་ཉིད་ཀྱིས་བཞེས་པའི་གཏེར་ལུང་ལས། ཞི་བ་ཐུགས་རྗེ་ཆེན་པོ་དང། །དྲག་པོ་ཁྲོ་རྒྱལ་དབང་ཆེན་གཉིས། །དབྱེར་མེད་གཅིག་ཏུ་འཁྲུལ་པ་ལས། །སྐུ་ཡི་ཆ་ལུགས་ཞི་མ་ཁྲོ། །ཞེས་སོགས་གསུངས་པར་གྲུབ་པས་ན་དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་སཾ་བྷུ་ཊ་ལས། གར་མཁན་དག་དང་རི་མོ་བཟང་ལྟར་སྣང། །གང་ཞིག་དྲུག་པ་ཞེས་པའི་སངས་རྒྱས་དེ། །གཅིག་པུ་ཉིད་ནི་དུ་མའི་གར་མཛད་དོ། །ཞེས་པ་ལྟར། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཉིད་ཀྱི་བརྩེ་ཆེན་ཐུགས་རྗེ་རང་གཟུགས་སུ་ཤར་བ་ནི། རྒྱལ་སྲས་ས་བཅུའི་དབང་ཕྱུག་གི་ཚུལ་བཟུང་བ་གང་ཉིད་དུས་སྙིགས་མ་ལྔ་བདོ་བས་ཀྱང་ཆེར་བདོ་བའི་