R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༣
[A:༧༠༣]དུས་སུ་རྨུ་རྒོད་ཀྱི་སེམས་ཅན་ཤིན་ཏུ་འདུལ་དཀའ་བ་རྒྱལ་བ་གཞན་གྱིས་གཟིགས་པ་ཅུང་ཟད་ལྷོད་པར་གྱུར་པ་ན། འཕགས་མཆོག་ཕྱག་ན་པད་དཀར་འཆང་བ་ཉིད་སྙིང་སྟོབས་ལྷག་པར་བསྐྱེད་དེ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་ཙོག་པུར་འདུག་ནས། ཕྱག་ཐལ་མོ་སྦྱར་ཏེ དཔའ་བོ་སྙིང་སྟོབས་ཆེན་པོ་དུས་གསུམ་དུ། །གཤེགས་རྣམས་རྣམ་ཐར་བདག་ཉིད་ཁོ་ནའི་བཟླུམ། །སྲས་བཅས་རྒྱལ་བས་ཡལ་བར་དོར་བ་ཡི། །རྨུ་རྒོད་མ་དུལ་བདག་གིས་འདུལ་བར་ཤོག །ཅེས་གསུངས་པའི་ཐུགས་བསྐྱེད་དམ་བཅའ་བཙན་པོས་ཉེ་བར་དྲངས་རེ། བསམ་བཞིན་སྐྱེ་བ་བཞེས་པ་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད་དེ། དེང་དུས་སྐྱེ་བོ་འགའ་ཞིག་གིས་ཀྱང་གང་ཟག་ཆེ་གེ་མོ་འགའ་ཞིག་ལ་རྒྱུ་མཚན་གང་ཡང་མེད་བཞིན་དུ་སངས་རྒྱས་བྱང་སེམས་སམ་བླ་མ་གོང་མ་འདི་དང། འདིའི་རྣམ་འཕྲུལ་ལོ་ཞེས་ཨུ་ཚུགས་ཀྱིས་ལོང་བ་འཁར་འཛུགས་ཀྱི་རྣམ་ཐར་སྐྱོང་བ་རྣམས་ལ་ནི་སྙིང་པོ་གང་ཡང་མེད་ཅིང་རང་གི་དེ་ཉིད་བསྟན་པར་ཟད་དོ། ། དེ་ལྟར་ལུང་བསྟན་པ་བཞིན་འདི་བཞིན་ལྷུམས་སུ་ཞུགས་ཏེ། རབ་བྱུང་བཅུ་བཞི་པའི་ནང་ཚན་ཐུང་མོང་ཞེས་པ་ལྕགས་ཕོ་ཁྱི་ལོའི་གྲོ་བཞིན་ཟླ་བའི་ཚེས་གསུམ་གྱི་ནམ་ལངས་ལ་སྒྲོལ་མ་ཕུན་ཚོགས་དཔལ་འབར་གྱི་བླ་བྲང་དུ་ངོ་མཚར་བའི་ལྟས་དང་སྐུ་བལྟམས་འཕྲལ་ཡབ་རྗེ་རྡོ་རྗེ་འཆང་བཀྲ་ཤིས་རིན་ཆེན་དཔལ་བཟང་པོ་མཆོག་ནས་ཡུམ་སྲས་ཟུང་ལ་བཀྲ་ཤིས་པའི་ལྷ་གོས་དང༌། ཕྱག་གཡས་སྲས་ཀྱི་དབུ་གཙུག་ཏུ་བཞག་ནས་ཨ་ཨུ་བྷྲུཾ་ཞེས་ཐུགས་སྨོན་དང་