R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༤
[A:༧༠༤]བཅས་གསུང་ཞིང༌། དེ་ནས་གསང་རྒྱ་སོགས་ཡུན་རིང་མཛད་ནས་གཟའ་ཚེས་དང་བསྟུན། རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་གྲུབ་པའི་སློབ་དཔོན་ཆེན་པོ་ཛེ་ཏ་རིའི་ལུགས་ཀྱི་རྒྱལ་བ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་པར་མཛད། དེ་ནས་བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་རྣམས་གདུང་རྒྱུད་རིན་པོ་ཆེའི་སྐུ་པང་དུ་འགྲེམ་པར་མཛད་དེ་བསྔགས་གསོལ་དང་ཤིས་བརྗོད་རྣམས་རྒྱས་པར་མཛད་པ་དང༌། ཡབ་རྗེ་མཆོག་ནས་བརྟན་བཞུགས་གསར་རྩོམ་མཛད་དེ། དེ་ཉིན་གདུང་སྲས་ཚོགས་ཕེབས་རྣམས་དང༌། བན་ཚང་པ་སྡེ་ཚོགས་ཀྱིས་འཁྲུངས་བསངས་རྒྱས་པའི་ས་དང༌། ཆོས་སྡེ་ལྷོ་ཚོགས་ཡོངས་ནས་མང་ཇའི་ཐོག་བཅས་པར་བསྒྲིགས་འདོན་མཛད་དོ། །གདུང་སྲས་འཁྲུངས་པའི་དགའ་སྟོན་དུ་འགོ་ཟླའི་ནང་དུ་དུས་མདོས་ཟབ་མོ་སོགས་སྔོན་ལམ་བཞིན་རྒྱས་པར་མཛད། དེ་ལྟ་བུའི་གཞོན་ནུ་དེ་ཉིད་དབུ་གདུགས་ལྟར་ཕུབ་པ། དཔྲལ་བ་དབྱེས་ཆེ་བ། སྤྱན་ཟིམ་བུར་གཟིགས་པ་ལ་སོགས་པ་མཚན་དཔེའི་ཆ་མཐུན་གྱིས་སྤྲས་ཤིང༌། བྱིས་སྐད་སོགས་ཆེར་མི་གསུངས་ཤིང་ཐུགས་རྒྱུད་ཤིན་ཏུ་དུལ་བ་བཅས། དེ་སྐབས་ཀྱི་ཞབས་འབྲིང་པ་རྣམས་ཀྱང་བླ་མ་འདིས་བདག་སྐྱིད་དུ་བཅུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་བྱུང་སྐད་དང༌། དེ་ནས་དགུང་གྲངས་