R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༦
[A:༧༠༦]གསུམ་རྒྱུགས་སྤྲོད་རིམ་མཛད་ཀྱིས་སོ་སོར་ཚོགས་དབུ་དང༌། ཁྱད་པར་དགུང་གྲངས་དགུ་པར་ཕུར་སྒྲུབ་ཟབ་མའི་ཚོགས་དབུ་སྔོན་ལམ་བཞིན་ཐོག་མར་ཕེབས་ཏེ། ཕྱག་ལེན་སོགས་ཀུན་གྱི་ཡིད་ཀྱི་པདྨོ་དབང་མེད་དུ་བཞད་པར་མཛད་པ་དང༌། ཉིད་ནས་འབྱོར་བའི་གྲངས་ལྡན་གྱི་དགུང་གྲངས་དུ་སོན་པའི་ཡབ་རྗེ་མཆོག་དང༌། ཡུམ་མཆོག རྗེ་ཉིད་དང་གཅུང་པོ་གསང་བའི་བདག་པོ་དགུང་གྲངས་ཐབས་ཤེས་ཀྱི་གྲངས་སུ་ཕེབས་པ་དང༌། རྗེ་བཙུན་སྐལ་བཟང་ཆོས་སྒྲོན་བཅས་ས་མོ་ལུག་གི་ལོ་གཙོ་ཆེར་གོང་ས་ཐམས་ཅད་མཁྱེན་པར་མཇལ་ཕྱག་གིས་མཚོན་དབུས་ཕྱོགས་གནས་རྟེན་མཇལ་བར་ཆིབས་བསྒྱུར་ཚུལ་རྣམས་གོང་ཡབ་རྗེ་བཀྲ་ཤིས་རིན་ཆེན་གྱི་རྣམ་ཐར་སྐབས་བཞིན་དང་དབུས་ཕེབས་ཆིབས་བགྲོད་བདེ་ལྡན་གྱིས་འཁོར་ཟིན་ནས། ཡབ་རྗེ་མཆོག་ནས་ཀྱཻ་རྡོ་རྗེའི་བཤད་རྒྱུད་གུར་ནས་གསུངས་པའི་ལས་རྒྱས་པའི་ལྷ་གསུམ་གྱི་ནང་ཚན་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་དང༌། གུར་ལྷ་བརྒྱད་ཞལ་བཞི་བསྙེན་དུས། དུར་བདག་པུ་ཏྲའི་ཟུར་བཀའ། དཀར་བདུད་ཀྱི་རྗེས་གནང་སོགས་བསྩལ་ཏེ། འབྱུང་པོ་འདུལ་བྱེད་ཀྱི་བསྙེན་པ་ཟླ་གཅིག་ལྷག་ཙམ་དང་བཅུ་ཆའི་སྦྱིན་སྲེག་བཅས་མཛད་པ་དང༌། དེ་ནས་ཡབ་རྗེ་རྡོ་རྗེ་འཆང་ཉིད་ནས་གཞི་ཐོག་ཚོམས་དམར་དུ། རྗེ་ཉིད་དང༌། རྗེ་བཙུན་ཨ་ལྕེ་དྲུང་སྐལ་བཟང་ཆོས་སྒྲོན་སོགས་སྐུ་ངོ་རྣམས་དང༌། ཆོས་སྡེ་ལྷོ་བྱང་ནང་ཆེན། རི་ཁུད་ཟུར་སྦུག་ལྷ་འབྲི་བ། བཀའ་བཞི་པ། རྟ་ནག་ཐུབ་བསྟན་པ། ཆོས་ལྷུན་པ་