R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༡
[A:༧༡༡]འདུས་མཆོད་སྤྲིན་རྒྱ་མཚོ་བདག་མེད་མའི་མངོན་དཀྱིལ་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་དཀྱིལ་སོགས་དང༌། རྡོ་རྗེ་ཕུར་པ་ཆོས་སྐྱོང་གུར་ཞལ་རྣམས་ཀྱི་གཏོར་གཞུང༌། བསྐང་བ་འགོས་ལུགས་བསྟོད་སྙིང་རྣམས་ཀྱི་རྒྱུགས་སྤྲོད་སྔར་བཞིན་གནང་སྟེ་སོ་སོའི་ཚོགས་དབུར་ཕེབས་པར་མཛད་ཅིང༌། དེ་ནས་ཉིད་ཀྱི་དགུང་གྲངས་བཅོ་ལྔར་ཕེབས་པ་ཤིང་བྱི་གྲོ་བཞིན་ཟླ་བའི་ནང༌། ཉིད་ཀྱི་ཡུམ་མཆོག་བསོད་ནམས་དཔལ་སྒྲོན་བུ་ཁྲིད་སྐུ་གཤེགས་པར། ཡབ་སྲས་ཞལ་རྒྱས་ཏེ་གཤེགས་རྫོགས་རྣམས་རྒྱས་པར་མཛད་ཅིང༌། ཁྱད་པར་དབུ་རྩེར་ལྷོ་བྱང་ཚོགས་ཡོངས་ནས། ཐམས་ཅད་རིགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་མཆོད་སོགས་མཛད་ཚུལ་རྣམས་ཡབ་རྗེ་མངྒའི་མཚན་ཅན་གྱི་རྣམ་ཐར་བཞིན་དང༌། འདི་ཙམ་ཞིག་ལ་ཡིན་ནམ། ཚེ་རྟ་ཟུང་འབྲེལ་གྱི་བསྙེན་སྒྲུབ་མཛད་ཚོད་འདུག ཐུགས་ཉམས་འོད་གསལ་ལྟ་བུའི་སྣང་བ་འདི་ཀུན་ཁང་ཁྱིམ་རི་སོགས་འདུས་བྱས་བཅས་ཀྱིས་མ་བསྒྲིབས་པ་སྟོང་པ་ཉིད་ལྟ་བུ། ཡབ་རྗེ་པདྨའི་མཚན་ཅན་གྱི་དགེས་རྡོར་གཞིས་བསྙེན་སྐབས་ཀྱི་གཟིགས་སྣང་ལྟ་བུའི་མུར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཕེབས་བྱམས་འདྲ་མོར་ཕེབས་པ་གཟིགས་སྙམ་དང༌། ཡང་སྐབས་རེ་མདུན་གྱི་ནམ་མཁར་གྲུབ་ཆེན་ཐང་རྒྱལ་ཉིད་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བའི་གཟིགས་སྣང་སོགས་དུ་མ་བྱུང་བ་ཡབ་རྗེ་མཆོག་ལ་ཞུ་གནང་མཛད་པར། ད་ལན་བསྙེན་མཚམས་གཞན་དང་མི་འདྲ་བ་བྱུང་བ་སྐུ་ཚེ་རིང་པོ་ཡོང་བ་འདུག་ཅེས་གསུངས། འདི་ལོ་ཕུར་སྒྲུབ་སྐབས་ཚོགས་དབུས་སུ་དགེ་འདུན་ཞལ་