R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༢
[A:༧༡༢]ཟས་ཀྱི་རྣལ་འབྱོར་ལ་རོལ་སྐབས་སྔོན་ལམ་བཞིན་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་རྗེ་ཕུར་པའི་རྣམ་བཤད་སོགས་ཀྱི་སྟེང་ནས་དག་གསལ་སྙན་གསུམ་གྱི་སྒོ་ནས་གསུང་བཤད་ལེགས་པར་ཕུལ་གྲུབ་ཏེ་དགའ་སྟོན་གྱི་རིམ་པ་རྣམས་ཟིན་ཏོ། །བསྟན་རིམ་གུར་མགོན་ཁྲོ་བཅུ་དང་དྲུག་ཅུ་མའི་ཟོར་འཛིན་མཛད་རྒྱུའི་བྲག་རྫོང་མའི་དུས་གྲངས་མཚན་མའི་བསྙེན་པ་མཐར་ཕྱིན་པ་སྦྱིན་སྲེག་དང་བཅས་པ་ཟིན་ནས། གོང་དེ་དག་གི་ཟོར་འཛིན་མཛད་དེ་བསྒྲལ་བའི་ཞིང་བཅུ་ཚང་བ་རྣམས་སྐད་ཅིག་ཉིད་ལ་རྡུལ་ཕྲན་བཞིན་དུ་ཐལ་བར་བརླག་སྟེ། རྣམ་པར་ཤེས་པ་རྒྱལ་བ་མི་བསྐྱོད་པའི་ཐུགས་ཀྱི་དབྱིངས་སུ་བསྟིམ་པར་མཛད། ཤིང་གླང་ལོ་འདིར་འཆར་འཕར་གྱི་ཐུགས་བྲེལ་ཅི་རིགས་ཐོག་ཡབ་སྲས་སྐུ་མཆེད་རྣམས་རྟ་ནག་སྒྲོལ་ཕུག་སོགས་སུ་ཕེབས་སྐོར་རྣམས་ཡིན་འདྲ་བ་དང༌། གདན་སར་ཕེབས་ནས་གསང་སྔགས་རྙིང་མའི་བླ་མ་ཞིག་ལ་དབང་ཆོས་ཅི་རིགས་གསན་ཚུལ་སོགས་ཡང་ཡབ་སྲས་གཉིས་ཆའི་གསན་ཐོ་མ་འཁོད་པ་གང་ཡིན་ཆ་མ་འཚལ་པ་དེ་འདྲ་སྔ་ཕྱིར་མང་དུ་ཡོད་འདྲ། ལོ་འདིའི་ཟླ་བ་དགུ་པ་ཙམ་ནས་ཞབས་ལྷོར་རྗེ་ཉིད་དཔལ་ཆེན་བཛྲ་ཀི་ལ་ཡི་བསྙེན་མཚམས་ལ་བཞུགས་སྐབས་དང༌། ཡབ་རྗེ་རྡོ་རྗེ་འཆང་ཉིད་སྙིགས་དུས་སྣང་ཚུལ་ལ་ཐུགས་སྐྱོ་བས་ཅ་ཟིང་གི་ལུང་པ་ལས་ནེ་གསེང་གིས་སྤྲས་པའི་སྤང་ལྗོངས་སོགས་བས་མཐའ་ཞིག་ཏུ་སྐྱེ་བ་བླངས་པ་དྲག་སོགས་ཡང་ཡང་གསུངས་ཏེ། སྒོ་རུམ་སྟེང་འོག་སོགས་ལ་བསྐང་འཕྲིན་དང་ཆོས་སྲུང་རྣམས་ལ་གདན་ས་འདི་ཉིད་སྲུང་ཞིང་གཉེར་གཏད་བཀའ་བསྒོ་མཛད་