R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༤
[A:༧༡༤]ཤིང༌། རྗེས་བཟུང་ལུང་བསྟན་སོགས་གནང་བ་གཞིར་གྲུབ་ཀྱང༌། དམིགས་གསལ་འདི་གསུངས་བཀའ་བསྩལ་བ་མ་ཐོས་ཤིང༌། དེ་ལྟའི་གཟིགས་སྣང་ཇི་ལྟ་བའི་སྣང་བརྙན་ད་ལྟ་དེ་ཉིད་ཀྱི་གདུང་རྟེན་གྱི་བུམ་སྒོའི་ནང་བཞུགས་པ་འདི་བཞིན་ཡིན་འདུག་པ་བཅས་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ཡིན་པ་ཡང༌། སྤྱིར་བསྙེན་སྒྲུབ་དང༌། ཡང་དགོས་དགོངས་པ་རྫོགས་ཁར་དངོས་མཇལ་གནང་མ་ཐུབ་ཀྱང་ཡབ་རྗེ་ལྷག་པའི་ལྷ་དང་དབྱེར་མེད་ཡིན་ལས་གསོལ་བ་བཏབ་ན་ང་དང་འདུ་འབྲལ་མེད་པར་རྗེས་སུ་བཟུང་ངོ་གསུང་རྒྱུ་ཡིན་འདུག་པ་ནི་ཀུན་གྱིས་གོ་ནུས། དེ་དུས་ཨ་ལྕེ་དྲུང་རྗེ་བཙུན་སྐལ་བཟང་ཆོས་སྒྲོན་ཉིད་དགུང་གྲངས་བཅུ་དགུ་དང༌། ཡབ་རྗེ་རྡོ་རྗེ་འཆང་ཉིད་དགུང་གྲངས་བཅུ་དྲུག་པ་དང༌། ཚེ་ལྷ་དབང་མོ་དགུང་ལོ་བཅུ་གསུམ། པདྨ་དབང་མོ་དགུང་ལོ་དགུ་ཙམ། གཅུང་པོ་གསང་བའི་བདག་པོ་དེ་ཉིད་དགུང་གྲངས་བརྒྱད་དང༌། ཡུམ་ནི་དེའི་སྔོན་དུ་ཞལ་མ་བཞུགས་པ་བཅས། འཇིག་རྟེན་ཕལ་སྐད་ལྟར་ན་བྱི་ཕྲུག་ཐང་བསྐྱུར་གྱི་རྣམ་ཐར་འདྲ་མོ་བྱུང་ཚོད་འདུག་ཀྱང༌། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། །དམ་པ་རེ་ཞིག་རྒུད་གྱུར་ཀྱང༌། །ཟླ་བ་བཞིན་དུ་ཡར་ངོ་འབྱུང༌། །དམན་པ་ལན་གཅིག་རྒུད་གྱུར་ན། །མར་མེ་བཞིན་དུ་མནལ་བར་འགྱུར། །ཞེས་གསུངས་པ་ལྟར། རྗེ་བཙུན་སྐལ་བཟང་ཆོས་ནམ་བླ་དྭགས་སུ་སྒོ་སྤེལ་ཨ་ལྕེ་མར་འབོད་པ་དེ་ཉིད་ལུགས་གཉིས་གང་ལ་ཡང་མཁྱེན་ཡངས་ཆེ་བ་ཞིག་བྱུང་ཚོད་འདུག་པ་དེ་ཉིད་ཞལ་བཞུགས་དུས་སུའང་