R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༥
[A:༧༡༥]ཨ་ལྕེ་ལགས་ཞེས་ཀུན་གྱིས་ཆ་འཇོག་བྱེད་པ་དེ་ཉིད་དང༌། དེ་སྐབས་སུ་ཕན་གནོད་སྣ་ཚོགས་བྱེད་པའི་ཞབས་འབྲིང་དྲག་གྲས་རྣམས་དང་བཅས་གོ་སྡུར་གྱིས་དགོངས་རྫོགས་རྣམས་སྒྲུབ་པར་མཛད་ཚུལ་སོགས་གོང་ཡབ་རྗེ་དེ་ཉིད་ཀྱི་རྣམ་ཐར་བཞིན་དང༌། གང་ཅིར་ད་ལྟའི་བར་ལ་གོང་འཕེལ་འགྲོ་བ་འདི་བཞིན་བྱུང་ངོ༌། །དེ་ནས་ལྗགས་བསྙེན་དུས་གྲངས་མཚན་བསྙེན་རྣམས་མཐར་ཕྱིན་ཏེ་སྐུ་རིམ་ཆེན་མོའི་ཟོར་འཛིན་དང༌། དེ་ནས་མགོན་མདོས་ལྗགས་བསྙེན་ཁ་གསོའི་སྐབས་གཟིགས་སྣང་ལྟ་བུར་གཟིམ་ཁྲིའི་འཁྲིས་དེར་མི་ཞིག་ནས་ཉིད་ཀྱི་མགུལ་ལ་འཆང་སྟེ། མགུལ་རྒྱན་གཅོད་པར་རྩོམ་པ་ན་སྐུ་རྒྱབ་ནས་ལག་པ་ནག་པོ་གྲི་གུག་ཐོགས་པ་ཞིག་གིས་ཐོ་འཚམ་བྱེད་པའི་མི་དེའི་ལག་པ་བཅད་སོང་བ། ལག་པ་གྲི་དང་བཅས་པ་གཟིམ་ཁྲིའི་ནང་དུ་ལྷུང་བ་དུམ་ཙམ་ནས་ཡལ་བ་མངོན་སུམ་གཟིགས་ཚུལ་བཀའ་ལས་དངོས་སུ་ཐོས་པ་ནི་འདི་ལོ་ཡབ་སྲས་རྣམས་ལ་སྐུ་གེགས་ཤིན་ཏུ་ཆེ་བའི་བར་དུ་གཅོད་པ་དེ་ཉིད་རྡོ་རྗེ་ནག་པོ་ཆེན་པོས་ཚར་བཅད་ནས། ད་བཟོད་རྟགས་མཚན་མངོན་དུ་གྱུར་རམ་སྙམ། དེ་ནས་རྟ་མགྲིན་ཡང་གསང་དང་གནོད་སྦྱིན་རྩི་དམར་མཆེད་བདུན་ཟུང་འབྲེལ་གྱི་བསྙེན་པ་ཞག་བདུན་སྔོན་འགྲོའི་བསམ་ཡས་མདོ་སྡེ་མཆོད་པ་དང་བསྟུན་དུས་མཆོད་གནོད་སྦྱིན་ཆེན་པོའི་གཏོར་བཟློག་ཟོར་འཕེན་སོགས་མཛད་ཅིང༌། དེ་ནས་གདུང་རྟེན་གསར་བཞེངས་གཟུངས་འབུལ་རབ་གནས་རྗེ་ཉིད་ནས་ཞག་བདུན། ཧོར་ཟླ་དྲུག་པའི་ནང་དུ་བདག་ཆེན་ཀུན་དགའ་བསོད་ནམས་ནས་རྒྱས་པར་མཛད་ཚུལ།