R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༢
[A:༧༣༢]བཀྲ་ཤིས་ནས་ཆོས་དུང་རིན་པོ་ཆེ། གསུང་གྱེན་དུ་འབུད་པ་སྟབས་མཚུངས་དགོས་པ་གོང་མའི་བླ་དུང་གྲགས་པ་སོགས། ཚོགས་མཐའི་ཁྲི་ཆེན་མདུན་ཐད་སྐུ་ཕྱག་གྲུབ་ནས་ནུབ་ཀྱི་སྒོ་ཆུང་བརྒྱུད་འཇམ་དབྱངས་ས་པཎ་གྱི་ཆོས་གསུངས་པའི་བཞུགས་ཁྲི་འཁོར་ལོ་གསུམ་ལྡན་ནམ། མཁས་པ་ཟིལ་གནོན་ནམ། ཐང་མོ་ཆེར་གྲགས་པ་མཚན་མཆོག་གསུམ་ལྡན་གྱི་ཆོས་ཀྱི་ཁྲིར་ཞབས་སོར་འཁོད་ཟིན་ནས། ཚོགས་ཀྱི་ཆོས་སྤྱོད་མཚམས་བཞག་པ་དང༌། ཡབ་རྗེ་རྡོ་རྗེ་འཆང་ཉིད་ནས་ཐམས་ཅད་མཁྱེན་པའི་གསུང་རབ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །གསུངས་པ་དང་ཚོགས་པའི་མདོ་ཀློག་པ་ཤེས་སྙིང་བཟློག་པ་བསྔོ་སྨོན་མདོར་བསྡུས་གྲུབ་ནས། བན་ཚང་པ་རྣམས་བཞུགས་ཁྲིའི་མདུན་དུ་དབུ་བྱེད་ཆེ་བས་བསྐུལ་ལ་ཚོགས་པ་དང་བཅས་པས་མཎྜལ་ཚོམ་བུ་སོ་བདུན་མ་དབུ་ཆེས་སྤོས་རེང་བཙུགས་ཏེ་འབུལ་ཚིག་དང་བསྟུན་ཚོམ་བུ་རྣམས་སོ་སོར་ངོ་སྤྲད་ལ། གང་གི་མཆོད་རྫས་མ་གདངས་མ་ཤིན་ཏུ་དལ་བ་བཅས་ཚར་བ་དང༌། ཡབ་རྗེ་རྡོ་རྗེ་འཆང་ནས་སེམས་བསྐྱེད་གསལ་འདེབས་པར་མཛད་དེ། ཆོས་གསན་པའི་ཀུན་སློང་དང་བསྟན་བཅོས་རྩོམ་པ་པོའི་སྐུ་ཆེ་བའི་ཡོན་ཏན་སོགས་ཇེང་འདྲེན་པར་མཛད་དེ། དཔལ་ལྡན་ས་སྐྱ་པཎྜི་ཏས་དབུས་གཙང་ཁམས་གསུམ་ཚོགས་ཆོས་སུ་གསུངས་པའི་བསྟན་བཅོས་ཆེན་པོ་ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་དབུ་ནས་བཟུང་སྟེ། སྦྱིན་པའི་ཕར་ཕྱིན་ཡན་ཆད་བསྩལ་བ། མཚམས་རྣམས་སུ་ཇ་མཆོད་དང་ཇ་རྒྱབ་གོང་སྟོད། ཞབས་བརྟན་སོགས་ཆོས་སྡེ་དབུ་མཛད་