R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༨
[A:༧༧༨]དགོངས་རྫོགས་སུ་ས་གཞུང་དང་སྒེར་བཅས་ནས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཚུགས་གྲོལ་བསྡོམས་ཉིན་ལྔ། བླ་མཆོད་དུས་ཆེན་ཉིན་སེར་འདུའི་ཞབས་བསྐོར་མཆོད་ཕྲེང་འགྲན་བྲལ་བདུན་ཚན་བཅས་ད་ལྟ་བར་དགོངས་རྫོགས་རྣམས་འདི་བཞིན་བཅས་ཀྱིས། ཡབ་རྗེ་རྡོ་རྗེ་འཆང་ངག་དབང་འཇིགས་མེད་རྒྱལ་དབང་རྡོ་རྗེ་ཀུན་སྙིང་བསམ་འཕེལ་ནོར་བུའི་རྣམ་ཐར་མདོ་ཙམ་བཤད་ཟིན་ཏོ། ། ༣ གསང་བདག་དཔལ་ཆེན་འོད་པོ། དེ་ནས་དེ་ཉིད་ཀྱི་སྐུ་མཆེད་གཅུང་པོ་གསང་བདག་དཔལ་ཆེན་འོད་པོ་ནི། ཡབ་རྗེ་ཐེག་ཆེན་བཀྲ་ཤིས་རིན་ཆེན་དགུང་གྲངས་སོ་ལྔར་ཕེབས་པ། ཡུམ་མཆོག་བསོད་ནམས་དཔལ་སྒྲོན་བུ་ཁྲིད་ཉིད་ཀྱི་སྲས་སུ་ས་ཕོ་རྟ་ཡི་ལོ་ཧོར་ཟླ་བཞི་པའི་ཚེས་བཅུ་གཅིག་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཞི་ཐོག་ཕོ་བྲང་དུ་སྐུ་བལྟམས། ཡབ་རྗེ་མཆོག་ནས་མཚན་གསང་བདག་དཔལ་ཆེན་འོད་པོ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ་བར་མཛད་ཅིང༌། དོན་དུ་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་གང་གི་ཡང་སྲིད་འཁྲུལ་མེད་མྱུར་དུ་འབྱོན་པར་གདུང་ཤུགས་དྲག་པོས་གསོལ་འདེབས་ཆོས་སྲུང་རྣམས་ལ་བཀའ་བསྒོ་འཕྲིན་བཅོལ་སོགས་ནན་ཏར་མཛད་པ་ལས། ད་བཟོད་འབྲས་བུ་མངོན་དུ་འགྱུར་བ་གསུངས་པའང༌། ཡབ་རྗེ་ཐེག་དབང་ཉིད་ནས་མཛད་པའི་གསོལ་འདེབས་བརྟན་བཞུགས་སོགས་ལས།