R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༩
[A:༧༧༩]ཡབ་རྗེ་གདོད་མའི་མགོན་པོ་ཉིད་ཀྱིས་རྣམ་མཁྱེན་མི་མངོན་པའི་དབྱིངས་གཟིགས་ཞེས་དང༌། གསང་བདག་ཡབ་རྗེ་པདྨའི་ཐུགས་དམ་ཆེ་སོགས་གསུངས་པའི་ཕྱིར་རོ། །དེ་ནས་ནར་སོན་ནས་དཔོན་སློབ་གྲགས་པ་རབ་རྒྱལ་ནས་འབྲི་ཀློག་ཕུལ་བས་ཚེགས་མེད་དུ་མཁྱེན། མངོན་བྱུང་འགའ་ཞིག་ཀྱང་གསལ་བར་གསུངས། ཡབ་རྗེ་རྡོ་རྗེ་འཆང་མངྒའི་མཚན་ཅན་དེ་ཉིད་ནས་རྡོ་རྗེ་ཕུར་པ་དང༌། ཀྱཻ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐོག་མའི་སྨིན་བྱེད་ཀྱི་དབང་ཟབ་རྒྱས་གནང་ཞིང་རྒྱུད་བརྟག་པ་གཉིས་པ། ཀྱཻ་རྡོ་རྗེ། ཕུར་པ། གསང་བདེ་འཇིགས་བྱེད། བདག་མེད་མ་རྣམས་ཀྱི་རྒྱུགས་སྤྲོད་གང་གི་ཡབ་རྗེ་མཆོག་དང༌། ཆོས་བྱང་ལས་ཚན་རྣམས་ཀྱི་སར་མཐར་ཕྱིན་པར་མཛད། ཆོ་ག་ཕྱག་ལེན་དབྱངས་རོལ་གར་འཆམ་རྣམས་ཀྱང་དཔྱིས་ཕྱིན་སྦྱོང་བརྡར་མཛད་དེ། དགུང་གྲངས་བདུན་པར་རྒྱུད་འདོན་ཟབ་མ་དང༌། དགུ་པར་ཕུར་སྒྲུབ་ཚོགས་དབུས་གར་འཆམ་སོགས་མཛད་པས་གདུལ་བྱ་རྣམས་ཀྱི་ཡིད་འཕྲོག་པར་མཛད་ཅིང༌། བར་ཡབ་རྗེ་མཆོག་ལ་གང་གི་རིགས་སྲས་གཅུང་པོ་འདི་ཉིད་རྟ་ནག་སྒྲོལ་མ་སྦུག་གི་བླ་སྤྲུལ་སྒྲོལ་སྟོན་འཇམ་དབྱངས་ཆོས་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་ཞུས་བསྩལ་བྱུང་བ་ནི། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ཞེས་སོགས་གསུངས་པ་ལྟར་གོང་དུ་ཡབ་རྗེ་པདྨའི་མཚན་ཅན་གྱི་སྐྱེ་སྲིད་དང༌། ཡང་འདིར་རྟ་ལས་བབས་ཏེ་བོང་བུ་