R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༡
[A:༧༨༡]མངྒའི་མཚན་ཅན་ཉིད་ཀྱི་རྣམ་ཐར་བཞིན་དང༌། དེ་ནས་དགུང་གྲངས་བཅུ་ཕྲག་གཅིག་དང་ཉག་མ་བསེ་རུའི་སྟེང་དུ་ཕེབས་པ། རྣམ་འབྱུང་ཞེས་པ་ས་ཕོ་འབྲུག་གི་ལོ་གང་གི་གཅེན་པོ་རིགས་བརྒྱའི་ཁྱབ་བདག་ངག་དབང་འཇིགས་མེད་དབང་རྒྱལ་རྡོ་རྗེ་ཀུན་སྙིང་བསམ་འཕེལ་ནོར་བུའི་ཞལ་སྔ་ནས། འཕགས་བོད་ཀྱི་པཎ་གྲུབ་ཀུན་གྱི་ཐུགས་ཉམས་སུ་བཞེས་པས་ཡན་ལག་བདུན་ལྡན་གྱི་གོ་འཕང་བདེ་བླག་ཏུ་བརྙེས་པའི་ཤུལ་ལམ། བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་གསུང་ངག་ལམ་འབྲས་ཚོགས་བཤད་ཐོག་མར་གསུང་བར། གསན་པ་པོ་གཅུང་པོ་ཁུ་བོ་རིན་པོ་ཆེ་ཉིད་དང༌། རྗེ་བཙུན་པདྨ་དབང་མོ། བདག་ཅག་ཡུམ་མཆོག་ཤེས་རབ་ཀྱི་ཕ་རོལ་ཕྱིན་མའམ། རྒྱལ་ཡུམ་རྡོ་རྗེ་བདག་མེད་མའི་ངོ་བོར་བཞུགས་པ་བཀའ་དྲིན་ཅན་དེ་ཉིད་བཅས་དང༌། ཆོས་སྡེ་ལྷོ་བྱང༌། ཆོས་ལྷུན་པ་རྟ་ནག་ཐུབ་བསྟན། རི་ཁུད་ལྷ་འབྲི། བཀའ་བཞི་བ་སོགས་ཞལ་གྲངས་དྲུག་ཅུ་བསྐོར་ལ་བསྩལ་བ། ཚེས་ཉིན་ལོ་གྱོན་མའི་རྗེས་གནང་སྔོན་འགྲོའི་སྣང་རྒྱུད་ཁྲིད་ཡིག་མཁན་ཆེན་ངག་དབང་ཆོས་གྲགས་ཡིག་ཆའི་ཐོག་ནས་དང༌། སྣང་གསུམ་གྲོལ་ནས་བརྒྱུད་པའི་ཁྱད་པར་ཉིས་ལྡན་གྱི་སེམས་བསྐྱེད་ཆེན་མོ། དེ་ནས་གཅེན་པོ་མཆོག་ནས་བསྙེན་པ་ཞག་བདུན་དེའི་སློབ་མའི་བསགས་སྦྱངས། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དབང་ཟབ། དེའི་སང་ནས་རྒྱུད་གསུམ་ཚུལ་སྔོན་འགྲོ་རྣམས་དང༌། ལྟ་ཁྲིད། ཕྱི་ནང་བསྐྱེད་རིམ་ལམ་དབང༌། བདག་མེད་མའི་བྱིན་རླབས་