R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༣
[A:༨༢༣]སྲས་སོགས་ནས་བདེ་མཆོག་ལུ་ནག་དྲིལ་གསུམ། བོང་ཞལ་གསང་འདུས་ལུགས་གཉིས། ཀྱཻ་རྡོ་རྗེ་བཀའ་བབས་བཞི་སོགས་དབང་ཀ་དང༌། ལུང་ཡང་མང་དུ་གསན་པ་དེ་དག་ཀྱང་གསན་ལོ་ཙམ་དུ་མ་ལུས་པར། རང་དོན་ཐོས་བསམ་སྒོམ་གསུམ་དང༌། གཞན་དོན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་བརྒྱར་སྤེལ་བར་མཛད་པའི་དང་པོ་ཐོས་བསམ་ཇི་ལྟར་མཛད་ཚུལ་གོང་གསེབ་ཚགས་རྣམས་སུ་རིམ་པར་སོང་ཞིང༌། སྒོམ་སྒྲུབ་ཇི་ལྟར་ཡིན་པ་ནི། ཀྱཻ་རྡོ་རྗེ། རྡོ་རྗེ་ཕུར་པ། གུར་ཞལ་རྣམས་ཀྱི་བསྙེན་པ་མཐར་ཕྱིན་པར་མཛད་ཅིང༌། གཞན་ཡང་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་དང༌། རྗེ་བཙུན་རིག་བྱེད་མ་སོགས་ཀྱི་བསྙེན་སྒྲུབ་དང༌། རྒྱུན་དུ་ཡང་གོང་གསལ་དེ་རྣམས་ཀྱི་བསྐྱེད་རྫོགས་ཀྱི་ཉམས་ལེན་བཟླས་བརྗོད་བཅས་ཆག་མེད་གནང་བ་དང༌། ཡི་དམ་ཆོས་སྲུང་རྣམས་ཀྱི་གཏོར་བསྔོ་བསྐང་འཕྲིན་སོགས། མཁའ་འགྲོ་འདུ་བའི་དུས་སོགས་ལ་མ་ཆག་པ་དང༌། གཞན་གདུལ་བྱ་དོན་གཉེར་རྣམས་ལ་ཆོས་འཆད་དབང་ལུང་ཉམས་ཁྲིད་སོགས་དང༌། དེ་ལྟ་བུ་མེད་པའི་དུས་དཔེ་གཟིགས་སོགས་ཀྱི་ཕལ་ཆེར་དུས་འདའ་ཞིང༌། གཞན་དོན་འཆད་རྩོད་རྩོམ་གསུམ་ལས། འཆད་པ་ཉི་མའི་འོད་ཟེར་གྱིས་གདུལ་བྱ་རྣམས་ཀྱི་བློ་གྲོས་གསལ་ཏེ། རྒྱལ་བསྟན་པདྨོའི་ཚལ་རབ་ཏུ་རྒྱས་པར་མཛད་པའི་ཚུལ་ཡང༌། སྔ་ཕྱིར་གསུང་ངག་ལམ་འབྲས་ཚོགས་བཤད་ཐེངས་གསུམ་དང༌། གསང་ཆེན་སློབ་བཤད་ཐེངས་གཉིས་ཙམ་གསུངས་པར་གྲགས་པ་དང༌། གཞན་ཡང་ས་སྐྱ་པའི་