R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༥
[A:༨༢༥]མ་སོགས། གཞན་ཡང་ཆབ་ཤོག་སོགས་ཀྱི་སྐོར། གསུང་འབུམ་པོད་གཉིས་ཙམ་ལོང་ངེས་བཅས་ཀྱིས་མཁས་ཚུལ་དགུར་བཤད་པ་ལྟར་ན་མཁས་པའི་ཡོན་ཏན་དང༌། གཉིས་པ་བཙུན་པའི་ཡོན་ཏན་ནི། ལྷག་པ་ཚུལ་ཁིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་འབྲས་ལྟར་བསྲུང་སྡོམ་ཚུལ་བཞིན་མཛད་པར་གང་བཞུགས་རྣམས་དང་ན་བཟའ་རྣམས་ལ་དྲི་བཟང་གིས་ཁྱབ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པའང་སྐུ་ཚེ་དུ་མར་གོམས་པའི་ཤུགས་ཀྱིས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལྷག་པར་སྦྱངས་ཤིང༌། རིག་པ་འཛིན་པའི་སྡོམ་པ་ནི་སྣང་གྲག་རིག་གསུམ་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་འཆར་བ་སོགས་ཀྱང་སྐྱེས་སྦྱང་གི་ཤེས་རབ་ལས་རང་བཞིན་དུ་གྲུབ་པ་བཅས་དང༌། གསུམ་པ་བཟང་པོའི་ཡོན་ཏན་ནི་དེ་ལྟར་ལམ་དུས་སུ་རྟག་པ་དང༌། སྦྱོར་བ་ལ་བརྩོན་པས་ལུང་དང་རྟོགས་པའི་ཡེ་ཤེས་ལ་དབང་བསྒྱུར་བ་རྣམས། གོང་གི་གསེབ་ཚགས་རྣམས་སུའང་ཅུང་ཟད་སོང་ཞིང༌། གཞན་ཡང་ནང་གསོ་མགོན་ཁང་དུ་བསྟན་རིམ་ཞབས་བརྟན་ཞིག་སྣང་སྐབས་གཏོར་རླངས་ལས་ཁྲག་རྒྱུན་ནར་ནར་ཟག་པ་དང༌། ཀ་ལ་ལ་ཕྱི་མགོན་དུ་ཕེབས་སྐབས། དེའི་གཞི་བདག་གིས་བསུ་བ་གཟིགས་པ་དང༌། ཕྱོགས་དེར་གུ་རུ་རིན་པོ་ཆེའི་གསེར་ཟངས་ཀྱི་རྡོ་རྗེ་འཆང་གི་སྣང་བརྙན་ཆེ་ལེགས་དང༌། ལམ་འབྲས་བླ་བརྒྱུད་འཇིམ་གྲུབ་སོགས་རྟེན་བཞེངས་མང་མཛད་ལ་རབ་གནས་རྒྱས་པའི་ཆོས་སྐྱོང་བསྒོ་བའི་སྐབས། གུར་ཞལ་ལ་གཉེར་གཏད་མཛད་པས་དེ་སྔོན་བྱ་རོག་མེད་ཀྱང༌། དེ་སྐབས་བྱ་ནག་ཁྱུ་ཆེན་པོ་འཁོར་བ་ནས་བཟུང་བྱ་