R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༡
[A:༨༥༡]བཟང་སྤྱོད། བདེ་སྨོན། བྱམས་སྨོན་རིན་བསྐོར་བ་བཅས་ཆག་མེད་བགྱིས་བཞིན་པ་རྣམས་ཀྱི་བྱིན་རླབས་ལྟ་བུ་ཡིན་ནམ། ད་ཕན་ནི་ངོས་རང་ཡང་རིང་དུ་འཚོ་ཞིང་ནད་ན་ཚ་སོགས་མེད་པ་དང། གང་བྱེད་རྣམས་ཀྱང་ལམ་འགྲོ་ཡག་མོ་བྱུང་བ་སོགས་ཀུན་གྱིས་མཐོང་ཆོས་དང། མདོར་ན་ཐོས་བསམ་སྒོམ་གསུམ་མམ། འཆད་རྩོད་རྩོམ་གསུམ་མམ། མཁས་བཙུན་བཟང་གསུམ་མམ། འཁོར་ལོ་གསུམ་ལ་སོགས་པ་གང་ཟེར་ཡང་ངོས་རང་གི་བྱ་བྱེད་ལམ་ཙམ་དེ་བཞིན་ཡིན་ཅིང་། གཞན་ཡང་སྔོན་གྱི་དགེ་བཤེས་བཀའ་གདམས་པ་རྣམས་ཀྱི་གསུང་རྒྱུན་དུ། རྐང་རྗེས་དང་ལག་རྗེས་ཀྱི་གྲུབ་རྟགས་མེད། སྐུ་རྗེས་ཀྱི་སྔོ་ལོ་འཕྱར་མ་མྱོང་གསུངས་པ་བཞིན་ཡོད་འདུག་བླ་མ་གོང་མ་རྣམས་ཀྱི་ཞབས་ལ་ཐིའུ་མ་བཏགས་ཤིང་སྔོ་ལོ་མ་ཕྱར་ཙམ་ཞིག་གི་རེ་འདུན་ཡོད་པ་ཚང་མས་ཤེས་ཚོར་བཅས་ཀྱི། ངོས་རང་ད་ལྟ་རང་ལོ་བཅུ་ཕྲག་དྲུག་དང། ཉག་མ་ཐབས་ཤེས་ཀྱི་གྲངས་ཀྱི་གྲངས་ལྡན་དུ་སླེབས་པ་ཕན་གྱི་བྱུང་ཚུལ་མདོར་བསྡུས་རགས་ཙམ་ཅུང་ཟད་བརྗོད་པ་ཡིན། ངོས་རང་རྣམས་ཀྱི་མཆེད་ཟླ་སྲིང་མོ་རྗེ་བཙུན་པདྨ་འཕྲིན་ལས་ནི་དཔོན་སློབ་བློ་གཏེར་དབང་པོ་སོགས་ཀྱིས་རྗེས་སུ་བཟུང་བས་དབང་ལུང་སོགས་གསན་རྒྱ་དགའ་རབ་ཡོད་ཀྱང། ད་ལྟ་འཆད་སྤེལ་སོགས་ནི་མི་མཛད་པར་བཏང་སྙོམས་སུ་བཞུགས་པ་འདི་ཉིད་དང། རྗེ་བཙུན་དངོས་གྲུབ་དབང་མོ་བཅས་ངོས་རང་སྐུ་མཆེད་དྲུག་དང། ངོས་རང་དང་བདག་ཡུམ་འཆི་མེད་ཀུན་དགའ་སྒྲོལ་མའི་གདུང་སྲས་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་