R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༦༠
[A:༨༦༠]གཡག་རོང་གོ་ཤཀ་གསུམ་གཞོན་བླ་མ་སོགས། །མཚུངས་མེད་འགྲན་བྲལ་མཁས་དང་གྲུབ་པའི་ཚོགས། །ཇི་སྙེད་བྱོན་ལ་ཕྱག་གིས་བ་གམ་བརྩེགས། །ཀུན་བཟང་མཆོད་སྤྲིན་ལྟ་བུས་རབ་མཆོད་ཅིང་། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང། །ཆོས་ཀྱི་འཁོར་ལོ་སྐོར་བཞིན་རྟག་བཞུགས་གསོལ། །ནོངས་ཀུན་མཁའ་མཉམ་སྡིག་དང་ལྷན་ཅིག་བཤགས། །འདི་ལྟར་བགྱིས་པའི་ལེགས་བྱས་རྣམ་དཀར་ཚོགས། །ཇི་སྙེད་མཆིས་རྣམས་འཁོར་གསུམ་ཡོངས་དག་པས། །མཁའ་མཉམ་འགྲོ་ཀུན་དགེ་དང་ལྷན་ཅིག་པར། །བསྟན་འགྲོར་ཕན་དང་བདེ་བའི་རྒྱུ་རུ་བསྔོ། །རྒྱལ་བ་ཉི་མའི་གཉེན་གྱི་བསྟན་པ་མཆོག །སྤྱི་དང་འཇམ་དབྱངས་བདུན་བརྒྱུད་བཞེད་སྲོལ་ཀུན། །མི་ཉམས་རབ་ཏུ་ཡུན་རིང་གནས་པ་དང་། །ཕྱོགས་བརྒྱར་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མཚུངས་མེད་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས། །བསྐལ་བརྒྱར་ཞབས་བརྟན་མཛད་པ་འཕྲིན་ལས་རྣམས། །