[A:107]དུ་བྱོན། དགེ་བཤེས་སྦལ་ཏི་ལ་མཁན་པོ་ཞུས། དྲོ་སའི་དགེ་བཤེས་གནས་བརྟན་ལ་སློབ་དཔོན་ཞུས། སྤུ་གུ་དྲོ་ནས་དགེ་བཤེས་རྒྱལ་ཚ་གདན་དྲངས་ནས་ལས་སློབ་ཞུས་སོ། །ཇོ་བཙུན་པས་གསང་ནས་མཛད་དེ་བསྙེན་པར་རྫོགས། ལྷ་ཆེན་པོ་ཞི་བར་གཤེགས་ནས།བསྟན་པའི་མངའ་བདག་མཛད། དབུས་གཙང་དང་། ཁྱད་པར་གཡོ། གཉལ། དྭགས་པོ། ཀོང་པོ་ལ་སོགས་ཡོན་བདག་དང་།བུ་སློབ་ཏུ་མ་གྱུར་པ་མེད་ལ། ཁྱད་པར་དུ་བླ་མའི་གདན་ས་པོ་སྡེ་མ་ལག་དང་བཅས་པ། བཀའ་གདམས་བཞུགས་པའི་དགེ་བཤེས།པོ་ཏོ་བའི་གནས་བརྟན་དང་བཅས་པས་བཀའ་གྲོས་ནས་ཕུལ། ཀོང་པོ་ནས་རྟ་བར། བུ་ཆུ། བྱང་ལུང་གསུམ་གྱིས་ཐོག་དྲངས་པའི་སྡེ་པ་སུམ་ཅུ་རྩ་གསུམ་གྱི་གཙུག་ལག་ཁང་གི་ལྡེ་མིག་གཏད་ནས་ཕུལ།དྭགས་པོ་ན་བླ་མ་འ་ཀན་མོ་ན་མོ་ཤོད་ཀྱིས་ཐོག་བྱས། སྡེ་པ་མི་སྡེ་དང་བཅས་པ་ཕུལ་བས། འདི་རྣམས་སུ་ད་ལྟ་ཡང་སློབ་དཔོན་དང་།དཀོན་གཉེར། མི་དཔོན་སྐོ་བའི་རྒྱུ་མཚན་དེ་ཡིན། གཉལ་ནས་མཁན་པོ་ཟངས་ཆེན་པ་ཆེན་པོར་གྲགས་པས་གདན་དྲངས་ཏེ་བྱོན།སྐུ་འབུམ་ཆེན་མོའི་རབ་གནས་མཛད། ཟངས་པོ་ཆེ་ལྡེ་མ་ལག་དང་བཅས་པ་ཕུལ་ནས་གཙུག་ལག་ཁང་གི་ལྡེ་མིག་གཏད། རོང་རྩེ་དཀར་དུ་གདུང་ཁང་ཆེན་མོའི་རབ་གནས་ལ་གདན་དྲངས། སྡེ་མ་ལག་དང་བཅས་པ་ཕྱག་ཏུ་ཕུལ་བ་ནས། བཀའ་གདམས་གཞུང་པའི་ཆོས་རྒྱུད་འཛིན་པ་མང་དུ་བྱུང་ཞིང་། ད་ལྟ་ཡར་བཅད་དུ་