R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 108
[A:108]ཟངས་པོ་ཆེན་པོ་དང་། བྲ་གོར་བས་མགོ་བྱས། སྤྱིལ་བུ་བའི་ཆོས་རྒྱུད་འཛིན་པ་མང་པོ་ཡོད་དོ། །གཡེ་ན་ཡང་བུ་དོལ་ལ་སོགས་པའི་ཡོན་བདག་བུ་སློབ་མང་དུ་ཡོད་དོ། །སྤྱིར་ཡི་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པའི་ཞལ་གཟིགས། ཁྱད་པར་དུ་མི་གཡོ་བ་དང་དབྱེར་མི་ཕྱེད་པའི་རྒྱུ་མཚན་མང་དུ་མངའ་བས། ལྷ་སྟག་ཤམ་ཅན་དུ་གྲགས། ཡར་ལུང་དུ་བྱོན་པའི་རིང་ལ། ཟོ་ཐང་གོང་པོ་རི་ལ་སྤྱན་རས་གཟིགས་སེང་གེ་སྒྲ་ཞལ་གཟིགས། པོ་ཏོའི་ཀ་གཉིས་མར་སྐུ་མཚམས་ལ་བཞུགས་པའི་ཐུབ་པ་བདེན་གཉིས་ཀྱི་ཆོས་གསུངས་པའི་སྣང་བ་བྱུང་གསུངས། སྐུ་དེ་ལ་ཐུབ་པས་གསུང་བྱོན་མར་གྲགས་ནས།ད་ལྟའང་པོ་ཏོ་ན་བཞུགས་ཟེར། ཡང་སྤྱིལ་བུར་ཚུལ་ཞུགས་གཅིག་གི་དུས་སུ་གནས་བརྟན་ཆེན་པོ་བཅུ་དྲུག་དངོས་སུ་བྱོན། དེའི་བཀོད་པ་འགྲོ་མགོན་ལ་གནས་བརྟན་ཆེན་པོ་བཅུ་དྲུག་གིས་སྐོར་བའི་་ཐང་ཀ་འགྲོ་མགོན་ཉིད་ཀྱིས་ཞལ་བཀོད་མཛད་ནས་བྲིས། དེ་ལས་འཕེལ་ནས་ད་ལྟ་ཡང་འགྲོ་མགོན་ལ་གནས་བརྟན་གྱིས་སྐོར་བའི་ཐང་ཀ་ཞལ་གཟིགས་སུ་གྲགས་པ་མང་དུ་ཡོད། ད་ལྟ་སྤྱིལ་བུའི་ཚུལ་འཇུག་གི་དུས་སུ་གནས་བརྟན་ཆེན་པོ་བཅུ་དྲུག་གི་སྐུ་སྐལ་གྱི་ཚུལ་ཤིང་རེ་ལེན་པ་དང་། ཚོགས་སུ་མང་ཇའི་དུས་སུ་གནས་བརྟན་བཅུ་དྲུག་གི་གསོལ་འདེབས་རྒྱུན་མ་ཆད་པར་བྱེད་པའི་སྲོལ་ཡང་དེ་ནས་བྱུང་། ལྷ་སར་བྱོན་པའི་དུས་སུ། ཇོ་བོས་དངོས་སུ་ཆོས་གསུངས་པའི་སྣང་བ་བྱུང་། རྭ་སྒྲེང་དུ་བྱོན་དུས་ཨ་ཏི་ཤ་དངོས་སུ་བྱོན་པའི་