[A:116]དང་། ཁམས་པ་མི་རྟེན་པ་ལ་སོགས་པ་ཆོས་ཁྲིམས་དག་དར་ཆེར་མཛད། མཁན་ཆེན་འདིའི་གདུང་རུས་མཆིམས་ཡིན། འདིའང་མྱང་སྟོད་སྨོན་འགྲོའི་ཕུ་ཁུར་སྐུ་བལྟམས་ཞེས་ཟེར། དེའི་རྗེས་སུ་ཆུ་སྒོའི་ལུམ་བྱ་བར་གདུང་རུས་གྲོའི་རིགས་སུ་སྐུ་འཁྲུངས་པ། མཁན་ཆེན་ཀུན་དགའ་རྒྱལ་མཚན་ཆུ་མོ་ཡོས་ཀྱི་ལོ་ཟླ་བ་གཉིས་པའི་ཚེས་ཉི་ཤུ་ལ་སྣར་ཐང་གི་གདན་སར་བྱོན་ནས། ད་ལྟ་བསྟན་པའི་བྱ་བ་ཕལ་ཆེར་མཛད་པ་ཡིན་ནོ། །མཁན་ཆེན་བདེ་བར་གཤེགས་པའི་གཅུང་པོ་མཆིམས་ཞང་བུ་ལེགས་ལ་སོགས་པའི་དབོན་སྲས། སློབ་དཔོན་ཆེན་པོ་སྙན་གྲགས་བཟང་པོས་ཀྱང་ཉེ་གནས་ཆེ་མོའི་གོང་ལ་བཞུགས་ནས།བསྟན་པ་དང་གདན་སའི་ཞབས་ཏོག་དུ་མ་མཛད། ཁྱད་པར་དཀར་ཕིབས་ལ་གསོར་ནམ་མཛད་ནས། ནང་དུ་གནས་བརྟན་ལྷ་ཁང་དང་། མཁན་ཆེན་བདེ་བར་གཤེགས་པའི་ཕྱི་རྟེན་གྱི་མཆོད་རྟེན་སྒོ་མང་། ཕྱིའི་ལྕགས་རི་ཆེན་མོ་གཉིས་འཁོར་གྱི་ཚུལ་དུ་བཞེངས་སོ། །དེ་ལྟར་ན་སྤྱིར་བཀའ་གདམས་པ། ཁྱད་པར་དུ་པོ་ཏོ་བའི་བཀའ་སྲོལ་འདི་བསྟན་པའི་འཕྲིན་ལས་ཆེ་ཞིང་། སྐྱེས་ཚོམས་གཉིས། བསླབ་སྤྱོད་གཉིས། ས་རྒྱན་གཉིས་ཏེ་གཞུང་དྲུག་ལ་ཉན་བཤད་མཛད་པས། བཀའ་གདམས་གཞུང་པ་ཞེས་གྲགས་སོ། །འདི་རྣམས་རྒན་པོ་རྣམས་ཀྱི་ངག་བཞིན་ཐོ་ཙམ་བྲིས་པ་ཡིན་གྱི།ཡོན་ཏན་དང་འཕྲིན་ལས་གསལ་བར་ཤེས་པར་འདོད་ན། ཁོ་བོའི་བླ་མས་གསུངས་པའི་བསྟན་བཅོས་རབ་ཏུ་སྣང་བའི་སྒོ་ཞེས་བྱ་བ་ཡོད་