[A:134]བཅུ་བཞི་བསྐྱངས་ཏེ། སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ཅིང་། དེའི་ཟུར་ཆེན་པ་ནི་སྡེ་སྣོད་འཛིན་པ་དཔལ་གྱི་རྒྱལ་མཚན་དང་། ཆོས་ཀྱི་སེང་གེའོ། །དེའི་རྗེས་སུ་བདག་ཆེན་པོ་དེའི་བཀའ་ཆོས་ཀྱི་རྒྱལ་སར་ས་ཆེན་པོ་ལ་བཞུགས་པའི་སེམས་དཔའ་ཆེན་པོ་གྲགས་པ་རིན་ཤིང་མོ་སྦྲུལ་གྱི་ལོར་བསྐོས་ཤིང་། ལོ་གསུམ་གྱི་རིང་རྒྱལ་སྲིད་བསྐྱངས་ཏེ། མེ་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་ཞི་བར་གཤེགས། དེའི་ཚེ་ཀུན་གྱི་མཐོང་སྣང་དུ་གྲུབ་པར་ནམ་མཁའ་ལ་སྒྲ་དང་མེ་ཏོག་སྣ་ལྔའི་ཆར་ཆེན་པོ་བབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེའི་རྗེས་ལ་སྡེ་སྣོད་གསུམ་ལ་བློ་ཡངས་ཤིང་། ཁྱབ་པར་སྡེ་བདུན་སྨྲ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འཇམ་དབྱངས་སྔོན་པོས་བླ་ཆོས་ལོ་གཅིག་གསུངས། དེའི་རྗེས་སུ་ཚོགས་གཉིས་སྔོན་དུ་སོང་བ་ཡོན་ཏན་དུ་མ་ལ་དབང་སྒྱུར་བའི་བདག་ཉིད། དྲུང་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་བོ་བསྟན་པའི་བདག་པོར་དབང་བསྐུར་ནས།གངས་ཅན་འདི་ན་ད་ལྟ་བསྟན་པ་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་བཞུགས་སོ། །ཐོས་ན་རྣ་བའི་དབང་པོ་ཚིམ་བྱེད་པ། །མཐོང་ན་མཆོག་ཏུ་དྭངས་པས་ཡིད་དགེ་ཞིང་། །སྟེན་ན་ཐུགས་རྗེའི་དབང་གིས་དགེ་བ་འཕེལ།།ངོ་མཚར་ཁྱོད་ཀྱིས་བསྟན་པ་སྐྱོང་བར་ཤོག།