R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 13
[A:13]བྱས་པ་ལ་བུ་མེད། གོའུ་ཏ་མས་ས་བོན་བཞག་པ་ལས་བྱུང་བའི་བུ་གཉིས་ལ། གཅིག་ནི་ཉི་མའི་གཉེན། གཅིག་ནི་བུ་རམ་ཤིང་པའོ། །ཉི་མའི་གཉེན་ལ་བུ་མེད། བུ་རམ་ཤིང་པས་རྒྱལ་པོ་བྱས་ཏེ། དེ་ལ་བུ་རམ་ཤིང་པའི་སྤྲེངས་ཤེས་བྱའོ། །དེའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་གྲོང་ཁྱེར་གྲུ་འཛིན་དུ་བྱུང་། དེ་རྣམས་ཀྱི་མཐའ་མ་རྒྱལ་པོ་འཕགས་སྐྱེས་པོའི་བཙུན་མོ་ཆེ་བ་ལ་བུ་གསུམ་བུ་མོ་གསུམ་ཡོད་པ་སྤྱུགས་ཏེ།ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དུ་འདུག་པ་ལས། མིང་སྲིང་འདུས་པ་ལས་མང་དུ་འཕེལ་ཏེ་སེར་སྐྱ་དང་ལྷས་བསྟན་དུ་གྲོང་ཁྱེར་ཆེན་པོ་བྱུང་། དེའི་བུ་ཆེ་བའི་རྒྱུད་ལ་ཤཱཀྱ་ཆེན་པོ། འབྲིང་པོའི་རྒྱུད་ལ་ལི་ཙ་བྱི། ཆུང་བའི་རྒྱུད་ལ་རི་བྲག་པ་ཅེས་བཀའ་ཆེམས་ཀ་ཁོལ་མ་ནས་བཤད་ལ། བླ་མ་འཕགས་པའི་ཤེས་བྱ་རབ་གསལ་དུ།འཕགས་སྐྱེས་པོ་ལ་བུ་བཞི་བྱུང་བའི་ཆུང་བ་རྐང་གདུབ་ཅན་གྱི་རྒྱུད་ལས་བཅོམ་ལྡན་འདས་ཀྱི་བར་དུ་རྒྱུད་གསུང་བ་ལྟར་ན་བརྟག་པར་བྱའོ། །
སྔོན་བྱུང་དང་འདི་མཐུན་པར་སྣང
གང་ལྟར་ནའང་འདི་ལ་ཤཱཀྱའི་རིགས་ཀྱི་ཡ་མཚན་ཞེས་ཟེར་རོ། །ཡ་མཚན་ཞེས་པའི་སྒྲ་དོན་རིགས་ངན་མ་འདྲེས་པ་ལ་འཇུག་པ་འདུལ་བའི་གླེང་གཞི་ལས་འཆད་ཅེས་གྲག་གོ།འཕགས་སྐྱེས་པོའི་བཙུན་མོོ་ཆུང་བའི་བུ་རྒྱལ་སྲིད་དགའ་བ་རྒྱལ་སར་བཏོན་པ་ལ་བུ་མེད་པར་ཤི་སྟེ། འདི་ལ་རྒྱལ་སྲིད་དགའ་བའི་ཚིག་ཟེར་རོ། །ཤཱཀྱ་ཆེན་པོའི་གདུང་ནི། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དུ་ཆེད། སྲིད་པའི་བྲེང་རྒྱུན་ཆད། སྐྱེ་བའི་