R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 14
[A:14]འཁོར་བ་ཟད། ད་ནི་སྲིད་པ་མེད་དོ་ཅེས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།མོའུ་འགལ་གྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དགེ་སློང་རྣམས་ཀྱི་རིགས་རྒྱུད་ལས་བརྩམས་ཏེ་ཆོས་ཀྱི་གཏམ་སྨྲས་པ་ལེགས་སོ་ལེགས་སོ། །འདི་ཡུན་རིང་བོའི་དོན་དང་ཕན་པ་དང་། བདེ་བར་འགྱུར་རོ་གསུངས་སོ། །འདི་ལ་འགའ་ཞིག་ན་རེ། སྲིད་པར་སྐྱེ་བ་ཟད་པ་ནི་བདེན་མོད་ཀྱི། ཤཱཀྱ་ཆེན་པོའི་གདུང་ད་དུང་མ་ཆད་པ་ཡིན་ཏེ།སྲས་སྒྲ་གཅན་འཛིན་བཞུགས་པའི་ཕྱིར་ཟེར་རོ། །ཤཱཀྱ་ཆེན་པོའི་གདུང་ཆད་མ་ཆད་གླེང་བའོ། །འདི་རྣམས་འགོ་སྨོས་པ་ཙམ་ཡིན་གྱི།རྒྱས་པར་ནི་མདོ་སྡེ་དང་འདུལ་བ་ལུང་དུ་ལྟ་ལ། དེ་ཙམ་བལྟ་མི་ནུས་བ་རྣམས་ཀྱིས་ནི། ཆོས་རྒྱལ་རྣམས་ཀྱི་བཀའ་ཚིག་ཡི་གེ་དང་། བླ་མ་ཆོས་ཀྱི་རྒྱལ་པོའི་ཤེས་བྱ་རབ་གསལ་ལ་སོགས་པ་པ་མཁས་པའི་ཡིག་ཚང་མས་ཤེས་པར་བྱའོ། །བཅོམ་ལྡན་འདས་ནི་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བསྐལ་གྲངས་མེད་དུ་མར་སྒྲིབ་གཉིས་སྤྱངས་ཤིང། ཚོགས་གཉིས་བསགས་ནས། དགའ་ལྡན་དུ་ལྷའི་གནས་སུ་དམ་པ་ཏོག་དཀར་པོར་གྱུར་ཏེ་བཞུགས་པ་ལས། གདུལ་བྱ་དུས་ལ་བབ་པར་མཁྱེན་ནས་རྩོད་ལྡན་གྱི་དུས་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པའི་དུས། འཕགས་པ་བྱམས་པ་དགའ་ལྡན་དུ་བྱོན། རྒྱལ་ཚབ་དམ་པར་བསྐོས་ཏེ། གླིང་འདིར་ཡབ་རྒྱལ་པོ་ཟས་གཙང་མ་དང་། རྒྱལ་པོ་ལེགས་པར་རབ་གསལགྱི་སྲས་མོ་སྒྱུ་