R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 140
[A:140]ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་པོ་ནི་འཁོན་དཀོན་མཆོག་རྒྱལ་པོ་ཞེས་བྱ་སྟེ། ཤིང་ཕོ་ཁྱི་ལོ་ལ་སྐུ་འཁྲུངས། དེ་ལྟ་བུའི་བླ་མ་དེ་ལ་འབྲོའི་གསོན་གཤིན་བྱེད་པའི་གདན་འདྲེན་བྱུང་བས་བྱོན། ཉི་མ་སྦྲེལ་པོའི་བར་ལྟད་མོ་རྩེད་འཇོ་མང་དུ་བྱེད་པའི་ནང་ནས། སྔགས་པ་འགའ་ཞིག་གིས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་གཉན་རྣམས་གྱོན།ཕྱག་མཚན་སོ་སོར་བྱས། མ་མོ་རལ་པ་ཅན་གྱི་རྔ་སྟབས་དང་བཅས་ཏེ་འཆམས་པས། དེ་ག་ལྟད་མོ་ཆེ་བས་ཁྲོམ་ཐོག་ཡང་དེས་ཆོད། མར་ཕེབས་དུས་བླ་མས་གཅེན་ལ་འདི་ལྟ་བུ་འདའ་ཞེས་ཞུས་པས། གཅེན་ན་རེ། ད་སྔགས་འཆོལ་པ་ཞེས་བྱ་བའི་དུས་བྱུང་བ་ཡིན། ད་བོད་དུ་རྙིང་མ་ལ་གྲུབ་མཚན་ཉིད་པ་མི་ཡོང་། རང་རེ་ལ་ཡོད་པ་ཀུན་རང་རེ་དབང་ཆེ་བས། ཨ་པོ་རྒད་པོའི་ད་པེ་ཆ་ལྷ་རྟེན། སྔགས་ཀྱི་ལག་ཆ་ཀུན་གཏེར་དུ་སྦ། ང་ནི་ན་ས་རྒས། ཁྱོད་ནི་གཞོན་པ་ཡིན་པས།གསང་སྔགས་གསར་འགྱུར་ཟབ་མོ་ཡོད་འདུག དེ་མང་མཁར་ན་འབྲོག་མི་ལོ་ཙྪ་མཁས་པར་ཡོད་འདུག་པས་དེ་ལ་སློབས་གསུངས་ནས་ཐམས་ཅད་གཏེར་དུ་སྦས། དེར་ཆོས་སྐྱོང་གི་ཆོ་འཕྲུལ་བྱུང་ནས། ཕུར་པའི་ཆོས་སྐོར་ཅི་རིགས་དང་། གཏོར་མའི་ཆོ་ག སེང་ལྡེང་གི་ཕུར་པ་བཅོ་ལྔ་པ་ཆ་གཉིས་ཡོད་པ་དང་། དཀར་མོ་ཉིད་ཀྱིས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལ་ཞལ་དངོས་སུ་བསྟན་ནས་མཛད་པའི་གཏོར་ཆོག་ལ་སོགས་རྣམས་བཏོན་ནས་གཅུང་ལ་གནང་། གདུང་རྒྱུད་ཀྱི་དུས་གཏོར་མ་ཆག་པར་མཛད་དགོས་སོ། །བླ་མ་འདི་གཡའ་