R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 161
[A:161]བཞུགས་རྣམས་འདིར་མ་བྲིས་སོ། །གདུང་རྒྱུད་རྣམས་ཀྱི་རྣམ་ཐར་ཐོ་ཙམ་འདི། གདན་ས་ཆེན་པོ་ན་རྣམ་ཐར་རྒྱས་པ་པོ་ཏི་གཅིག་ཙམ་ཡོད་འདུག་པའི་ནང་ནས་གལ་ཆེ་བ་རྣམས་ཟིན་བྲིས་སུ་བྲིས་པའོ། །སའི་བདག་པོ་རྒྱལ་པོ་ཆེན་པོའི་བླ་མ་ཏི་ཤྲི་རིམ་པ་ནི། བླ་མ་ཆོས་ཀྱི་རྒྱལ་པོ། དེའི་རྗེས་སུ་ཤར་པའི་བླ་མ་དུས་འཁོར་ཡེ་ཤེས་རིན་ཆེན། དེའི་རྗེས་སུ་ཁང་གསར་ཆེན་མོ་བའི་ཏི་ཤྲི་གྲགས་པ་འོད་ཟེར། འདི་གསུམ་གྱིས་སེ་ཆེན་རྒྱལ་པོའི་བླ་མ་མཛད། དེའི་རྗེས་སུ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཏི་ཤྲི། དེའི་རྗེས་ཏི་ཤྲི་སངས་རྒྱས་དཔལ།དེའི་རྗེས་སུ་བླ་ཆེན་ཀུན་བློ། དེའི་རྗེས་སུ་བླ་མ་ཀུན་དགའ་ལེགས་པའི་འབྱུང་གནས་ཏི་ཤྲི། དེའི་རྗེས་སུ་བླ་མ་རིན་ཆེན་གྲགས་ཏི་ཤྲི།དེའི་རྗེས་སུ་བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཏི་ཤྲི།དེའི་རྗེས་སུ་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་ཏི་ཤྲིའོ། །དཔལ་ལྡན་ས་སྐྱ་པའི་གོ་ས་ཆེན་པོར་བཞུགས་པའི་གདན་སའི་རིམ་པ་ནི། འཁོན་སྟོན་དཀོན་མཆོག་རྒྱལ་པོས་ཆུ་མོ་གླང་ལོ་ལ་དཔལ་ལྡན་ས་སྐྱའི་དགོན་པ་བཏབ་ནས་ཆུ་ཕོ་རྟའི་བར་ལོ་སུམ་ཅུ་གདན་ས་མཛད། དེའི་རྗེས་སུ་བ་རི་བས་ཆུ་མོ་ལུག་གི་ལོ་ནས་ལྕགས་ཕོ་སྟག་གི་བར་ལོ་བརྒྱད་གདན་ས་མཛད། དེའི་རྗེས་སུ་ས་ཆེན་པས་ལྕགས་མོ་ཡོས་ནས་ས་ཕོ་སྟག་གི་བར་ལོ་བཞི་བཅུ་རྩ་བརྒྱད་གདན་ས་མཛད་། དེ་རྗེས་སློབ་དཔོན་རིན་པོ་ཆེས་ས་མོ་ཡོས་ནས་ལྕགས་མོ་ཡོས་ཀྱི་བར་ལོ་བཅུ་གསུམ་གདན་ས་མཛད། དེ་རྗེས་རྗེ་བཙུན་ཆེན་པོས་ཆུ་ཕོ་འབྲུག་གི་ལོ་ནས་