R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 16
[A:16]དྭགས་ཀྱི་ནགས་ལ་སོགས་པར་ལོ་དྲུག་གམ་བདུན་དུ། ཐོག་མར་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་ཐེག་པ་དམན་པའི་གདུལ་བྱ་ཤས་ཆེ་བ་རྣམས་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་ལོ་སུམ་ཅུ་སོ་གཅིག་གམ། ཉི་ཤུ་རྩ་བདུན་ནམ། སུམ་ཅུར་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། དགྲ་བཅོམ་པ་སྟོང་ཉིས་བརྒྱ་ལྔ་བཅུའམ་ལྔ་སྟོང་ལ་སོགས་པ་ཐེག་པ་ཐུན་མོང་མ་ཡིན་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་རོ། །དེ་ནས་རི་མཱ་ལ་ཡ་དང་།ཡངས་པ་ཅན་ལ་སོགས་པར་འཁོར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་དུས་ལོ་བཅུའམ། བདུན་ནམ། ཁ་ཅིག་ལོ་ཉི་ཤུ་རྩ་དྲུག་གམ་རྩ་བརྒྱད་དུ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེས་མཛད་པ་མཐའ་དག་རྫོགས་ཏེ། སཱ་ལའི་ཚལ་དུ་དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེ་ནས་བསྡུ་བ་མཛད་པའི་ཚུལ་ནི། ཉན་ཐོས་ལུགས་དང་ཐེག་ཆེན་ལུགས་གཉིས་ལས། དང་པོའི་ལུགས་ཀྱི་བསྡུ་བ་དང་པོ་ནི། ཀུན་དགའ་བོ་དགྲ་བཅོམ་པར་གྱུར་པས་མདོ་སྡེའི་སྡེ་སྣོད་བསྡུས། འཕགས་པ་ཉེ་བ་འཁོར་གྱིས་འདུལ་བ་བསྡུས། འོད་སྲུངས་ཆེན་པོས་མངོན་པ་བསྡུས་སོ། །བསྡུ་བ་གཉིས་པ་ནི། སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། ཡངས་པ་ཅན་དུ་རྒྱལ་པོ་མྱ་ངན་མེད་ཀྱིས་སྤྱིན་བདག་བྱས་ཏེ། དགྲ་བཅོམ་པ་བདུན་བརྒྱས་