R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 181
[A:181] རྡོ་རྗེ་གདན་དུ་མངོན་པར་བྱང་ཆུབ་ནས། ། རྣམ་གསུམ་ཆོས་ཀྱི་དཀྱིལ་འཁོར་རྒྱས་པ་དེ། ། ཆོས་རྒྱལ་མེས་དབོན་འཕྲིན་ལས་གཡོ་བའི་མཐུས། ། མཁས་གྲུབ་ལོ་པཎ་རླུང་གིས་ལེགས་བསྐྱོད་ནས། ། ཁ་བ་ཅན་གྱི་ལྗོངས་འདིར་གསལ་བར་བཤད། ། སངས་རྒྱས་བསྟན་པའི་པད་ཚལ་ཁ་ཕྱེ་བས། ། བློ་གསལ་རྐང་དྲུག་ལྡན་པ་རབ་འཁྲིགས་ཏེ། ། དམ་ཆོས་སྦྲང་རྩིའི་བཅུད་ཀྱིས་མྱོས་པ་ཡིས། ། ཐར་པའི་དགའ་སྟོན་ཉམས་སུ་མྱོང་བའི་ཚུལ། ། བཀའ་དྲིན་དྲན་པས་གསལ་བར་འཆད་འདོད་ཀྱང་། ། བདག་བློ་ཤེས་རབ་གསུམ་གྱིས་དམན་པའི་ཕྱིར། ། ཇི་བཞིན་མ་རྟོགས་ལོག་པར་བཤད་པ་གང་། ། ཆོས་ལྡན་བདེ་མཐོང་རྣམས་ཀྱིས་བཟོད་པར་མཛོད། ། རྒྱལ་སྲས་མཛད་པ་རྨོངས་པའི་སྤྱོད་ཡུལ་མིན། ། སྒྲ་ཚད་གཉིས་ཀྱིས་དབེན་པ་རྒན་པོའི་ཚིག ། མི་མཐུན་ནང་འགལ་མང་པོས་རབ་དཀྲུགས་པས། ། རྣམ་དབྱེ་གསལ་བར་སྨྲ་པའི་སྐབས་མེད་ཅིང་། ། བདག་ནུས་དམན་ཕྱིར་སྡེབས་སྦྱོར་དང་བྲལ་བས། ། དམུས་ལོང་ཁ་དོག་འབྱེད་དང་མཚུངས་མོད་ཀྱི། ། རྒྱལ་བའི་བཀའ་དང་ཚད་མའི་སྐྱེས་བུ་ཡི། །