R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 182
[A:182] ལེགས་བཤད་ཇི་བཞིན་བྲིས་པ་ཐ་དད་དོ། ། བསྟུངས་པ་མེད་པར་གཟུགས་སུ་ལེགས་གྲུབ་ནས། ། ཕྱིས་པ་མེད་པར་དྲི་མ་རབ་དག་སྟེ། ། ཕྱིན་པ་མེད་པར་ལྐོག་ཏུ་གྱུར་པའི་དོན། ། འཁྲུལ་པ་མེད་པར་རྒྱ་བོད་གསལ་བར་སྣང་། ། དེ་ཕྱིར་འདི་ནི་ཀིམ་ཤིང་ཀོང་ཇོ་ཡི། ། སྣང་སྲིད་གསལ་བའི་མེ་ལོང་དེ་དང་མཚུངས། ། རྒྱལ་སྲས་མཛད་པ་སྟོན་པ་ཆེས་འཕགས་ལ། ། གཟུགས་དང་དོན་གྱི་དབྱེ་བ་ཐ་དད་དོ། ། ལེགས་བཤད་འདི་ནི་སྤྱི་དོན་དགོས་འབྲེལ་དང། ། མདོར་བསྟན་རྒྱས་བཤད་ཚུལ་གྱིས་འཆད་འདོད་ཀྱང་། ། ལོ་རྒྱུས་ཁུངས་སྟོན་ཙམ་ཞིག་སྨོས་པ་ནི། ། བདག་བློ་ཐོས་པ་དམན་པས་རབ་ཞུམ་ལ། ། ཐོས་ལྡན་འགའ་ཞིག་ཏོག་གིས་རབ་མྱོས་ཀྱང་། ། ཇི་བཞིན་སྨྲ་བའི་རྣམ་དཔྱོད་ཀྱིས་སྐོམ་པ། ། གལ་ཏེ་སྲིད་ན་ཕྲག་དོག་བྱིན་ཟ་ཡིས། ། ཡི་རང་སྲེགས་ཀྱིས་དགོས་པའང་ཡིན་ནམ་སྙམ། ། བསྟན་འཛིན་ཡོན་ཏན་རབ་དཀར་གངས་རི་ལས། ། བདག་བློ་གུས་པའི་གདུང་ཤུགས་ཀྱིས་དྲངས་པའི། ། ངོ་མཚར་ལེགས་བཤད་བསིལ་བའི་ཆུ་རྒྱུན་འདི། །