R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 183
[A:183] དད་ལྡན་སྐྱེ་བོའི་ཞིང་སར་ལེགས་དྲངས་པས། ། བཀའ་དྲིན་དྲན་པའི་མྱུ་གུ་རབ་འཁྲུངས་ཏེ། ། རྗེས་ཞུགས་བརྩོན་པའི་སོ་ནམ་ལེགས་སྦྱངས་ནས། ། སྡེ་སྣོད་གསུམ་གྱི་ལོ་ཐོག་རབ་སྨིན་པས། ། སེམས་ཅན་རྣམས་ཀྱི་དབུལ་བ་སེལ་བར་ཤོག ། ཤེས་ལྡན་འགའ་ཞིག་ལེགས་བཤད་འདི་མཐོང་བས། ། རབ་ཏུ་དགྱེས་ཏེ་མཁས་པའི་མདུན་སར་ནི། ། འབེལ་བའི་གཏམ་གྱིས་དགའ་སྟོན་རབ་བཀྱེ་བས། ། བསྟན་འཛིན་རྣམས་ཀྱི་བཀའ་དྲིན་དྲན་པར་ཤོག ། བསྟན་འཛིན་གོང་མའི་ཡོན་ཏན་འདི་ཐོས་པས། ། དེ་དག་ཇི་བཞིན་སྒྲུབ་པར་མ་ནུས་ཀྱང་། ། ལས་ཅན་འགའ་ཞིག་དེ་ཡི་རྗེས་ཞུགས་ནས། ། བསྟན་པའི་བྱ་བ་ཚུལ་བཞིན་བྱེད་པར་ཤོག ། བསྟན་འཛིན་འགའ་ཞིག་སྙིགས་མའི་སེམས་ཅན་ལ། ། རབ་ཏུ་སྐྱོ་བས་གཞན་དོན་གཡེལ་བ་རྣམས། ། ཆོས་རྒྱལ་རྣམས་ཀྱི་དཀའ་སྤྱད་འདི་གཟིགས་པས། ། སྙིགས་མའི་དུས་འདིར་གཞན་དོན་མཛད་པར་ཤོག ། འདི་ལས་བྱུང་བའི་དགེ་བ་དྲི་མེད་དེས། ། རྒྱལ་བའི་བསྟན་པ་ཡུན་དུ་གནས་པ་དང་། ། བསྟན་འཛིན་རྣམས་ཀྱི་ཐུགས་དགོངས་ཡོངས་རྫོགས་ནས། །