R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 29
[A:29]དགུ་ལོན་གསུངས། ཆུ་མིག་ཆོས་འཁོར་གྱི་དུས་སུ་བླ་མ་ཆོས་ཀྱི་རྒྱལ་པོས་རྩིས་པ་ལའང་ལོ་སུམ་སྟོང་བཞི་བརྒྱ་དང་བཅུ་ལོན་ཅེས་པ་དང་།ཤེས་བྱ་རབ་གསལ་དུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ལྷག་འདས་པ་ན་ཇིང་གིར་རྒྱལ་པོ་བྱུང་བར་གསུངས་སོ། །ཡང་རྒྱ་ནག་གི་ལོ་རྒྱུས་འདི་ན་སྟོན་པ་ཤིང་ཕོ་སྟག་ལ་འཁྲུངས་ཟེར་ཏེ། འདིའང་བརྟག་པར་བྱའོ། །ཡང་དོན་གཅིག་ལ་བོད་དང་རྒྱའི་འབྲེལ་ཚུལ་དང་། དབོན་ཞང་གི་ལོ་རྒྱུས་ཐང་ཞུ་ཐུ་ཧན་ཆན་ཞེས་བྱ་བ་རྒྱའི་དེབ་ཐེར་ལས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སྟོང་དང་ལྔ་བརྒྱ་དྲུག་ཅུ་རྩ་དྲུག་ལོན་པའི་དུས་སུ་རྒྱ་ནག་གི་རྒྱལ་པོ་ཐང་ཞེས་བྱ་བ་བྱུང་ངོ་། །དེའི་དུས་སུ་བོད་དང་འབྲེལ་ཞེས་བྱུང་ངོ་། །ཡང་ཐང་ཀོའུ་ཛུང་གིས་ས་ཕོ་སྟག་གི་ལོ་ལ་རྒྱལ་ས་བཟུང་།དེའི་བུ་ཐའི་ཛུང་གི་དུས་སུ་བོད་ཀྱི་རྒྱལ་པོས་སྐྱེས་བསྐུར་ནས་རྒྱའི་རྒྱལ་པོའི་རྩར་བཏང་། ཕུན་ཚོགས་དགའ་བའི་གྲོགས་པོ་བྱས། དེའི་ལན་དུ་ཡང་ཐའི་ཛུང་གིས་གསེར་ཡིག་པ་ཧུན་དེ་ཧ་ཞེས་བྱ་བ་ལ་ཡི་གེ་ས་བསྐུར་ནས། བོད་ཀྱི་རྒྱལ་པོའི་རྩར་བཏང་ངོ་། །དེའི་ཚེ་ཧོར་དང་ཐུ་ལུ་ཧུན་ཞེས་བྱ་བའི་མི་རིགས་རྣམས་ཀྱིས་གསེར་ཡིག་པ་མངགས་ཏེ། རྒྱལ་པོ་ལ་བུ་མོ་སློང་དུ་བཏང་བ་ལ། ཁོང་རང་གི་སྲས་མོ་དངོས་མ་ཡིན་པའི་རྒྱལ་རིགས་ཀྱི་བུ་མོ་རེ་རེ་བྱིན་ནོ། །དེའི་སྐད་ཐོས་པ་དང་། བོད་ཀྱི་རྒྱལ་པོས་བུ་མོ་སློང་བའི་གསེར་ཡིག་པ་བཏང་བ་དང་། ཐའི་ཛུང་གིས་མ་ཉན་པའི་སྟབས་ཀྱིས་གསེར་