[A:30]ཡིག་པ་ཕྱིར་ལོག་ནས་བོད་ཀྱི་རྒྱལ་པོ་ལ་རྫུན་འདི་སྐད་བྱས་ཏེ། རྒྱ་ནག་གི་རྒྱལ་པོ་རང་རེ་ལ་ཤིན་ཏུ་དགའ་ནས་བུ་མོའང་རང་རེ་ལ་སྟེར་བར་ཡོད་པ་ཡིན་པ་ལ། ཐུ་ལུ་ཧུན་རྒྱ་ནག་རྒྱལ་པོའི་རྩར་སོང་ནས་དབྱེན་བྱས་པ་འདྲ་བྱས་པ་དང་། བོད་ཀྱི་རྒྱལ་པོ་ཞེ་སྡང་སྐྱེས།གཡའ་ཐུང་ཞེས་བྱ་བ་ལ་དམག་བསྐུར་ནས་ཐུ་ལུ་ཧུན་ལ་རྒྱག་ཏུ་བཏང་བས་ཐུ་ལུ་ཧུན་ཙོང་ཁའི་མཚོ་སྔོན་ཕན་ཆད་དུ་བྲོས། དེའི་ཤུལ་དུ་ལུས་པའི་མི་ནོར་ཐམས་ཅད་བོད་ཀྱིས་བདག་ཏུ་བཟུང་ཞིང་། རྒྱལཔོའང་དམག་འབུམ་ཕྲག་གཉིས་ཁྲིད་ཡོང་སྟེ་ཟུང་ཅེའུ་བར་དུ་བྱོན།དེའི་རྗེས་ལ་བོད་ཀྱི་རྒྱལ་པོས་བློན་པོ་ཆེན་པོ་ལེ་སྟོང་བཙན་བྱ་བ་ལ་གསེར་སྲང་སྟོང་ཚོ་ལྔ། རིན་པོ་ཆེ་སྣ་ཚོགས་པ་དེ་དང་གྲངས་མཉམ་པ་རྒྱའི་རྒྱལ་པོ་ལ་བསྐུར་ནས་སྔར་བྱུང་བའི་འཐབ་རྩོད་རྣམས་བཟོད་པར་མཛོད་ལ། བུ་མོ་ངེད་ལ་ཐོང་བྱས་པ་དང་། ཐའི་ཛུང་ཁོང་རང་དངོས་ཀྱི་བུ་མོ་འུན་ཤིང་ཀོང་ཇོ་ལྕགས་མོ་གླང་གི་ལོར་བྱིན། ལྕགས་ཕོ་ཁྱིའི་ལོ་ལ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་འདས་སོ། །དེའི་ཚེ་རྒྱའི་རྒྱལ་པོས་གསེར་ཡིག་པ་ལ་ཆ་རྐྱེན་མང་པོ་བསྐུར་ཏེ་བོད་ཀྱི་རྒྱལ་པོའི་དུར་མཆོད་པ་ལ་བཏང་། བོད་ཀྱི་རྒྱལ་པོ་གུང་སྲོང་གུང་བཙན་འདས་ནས། དེའི་སྲས་མང་སྲོང་མང་བཙན་ལོ་བཅུ་གཉིས་ལོན་པ་རྒྱལ་སར་བཏོན་ཀྱང་། ན་སོ་གཞོན་པའི་སྟབས་ཀྱིས་ཁྲིམས་ཀྱི་བྱ་བ་བྱེད་མ་བྱུང་ནའང་། བློན་པོ་མགར་གྱིས་གྲོགས་བྱས་ནས་རྒྱལ་སྲིད་ལོ་བཅོ་ལྔ་བསྐྱངས་སོ། །ས་མོ་ཡོས་ཀྱི་ལོ་ལ་རྒྱལ་པོ་དེ་ཉིད་འདས་ནས། དེའི་