[A:38]འགྱུར་བ་འོང་བྱས་པས། སང་རྨ་ཆུ་ལ་སྔ་མོར་བལྟས་པས་དེ་བཞིན་དུ་བྱུང་། དེ་ཅི་འཐད་བྱས་ནས། རྒྱལ་པོ་དཔོན་གཡོག་གསུམ་གྱིས་དམ་ཁ་སྐྱེལ་དུ་ཕྱིན་པས། མི་ཉག་རྒྱལ་པོ་རྟ་པ་བདུན་དང་ཕྲད་ནས་དམ་ཁ་བླངས། རྒྱའི་རྒྱལ་པོ་བསད། དེ་ནས་རིམ་གྱིས་བློན་པོ་ཆེ་བ་རྣམས་བསད། རྒྱའི་ཡུལ་དུ་གྲགས་པ་ལ། རྒན་མོ་གཅིག་གི་ཁའི་ཉེས་པ་ལ་ཟུར་གསུམ་སྒོ་དྲུག་ཡོད་པའི་རྒྱ་མཁར་བཤིག་ཅེས་པ་བྱུང་། མི་ཉག་རྒྱལ་པོ་དེ་ལ་ཕའི་མིང་ནས་གྲས་ཏེ་གའི་ཛུ་རྒྱལ་པོ་ཞེས་པ་བཏགས། དེ་ནས་རྒྱལ་རབས་དྲུག་ན། མི་ཉག་རྒྱལ་རྒོད་བྱུང་། དེའི་དུས་སུ་བསི་ཞན། བོད་སྐད་དུ་སེམས་ནག་པོའི་རི་ཞེས་པ་སྐྱེས་པའི་མིས་རྒྱལ་པོའི་བློན་པོ་བྱས་ནས། རྒྱལ་པོ་གསོད་པར་འགྱུར་ཞེས་པ་རྒྱལ་རྒོད་ཀྱིས་ཚོར་ནས། རི་དེ་ལ་ཡོད་པའི་མི་ཐམས་ཅད་བསད་ན་ཨེ་འཐད་ཅེས་ཐའི་ཧུ་ལ་ཞུས་པས།ཐའི་ཧུ་ཆོས་ལ་དཀར་བས་མ་ཉན། དེ་ནས་རྒྱལ་པོ་བྱང་ངོས་སུ་སྡོད་མ་ནུས་པར་འགའ་རུ་འཕོས་ཀྱང་། ཕྱིས་རི་དེ་ལ་སྐྱེས་པའི་མི་གཅིག་མ་ཚོར་བར་རྒྱལ་པོའི་བློན་པོ་ཐོབ་ནས། དེས་མི་ཉག་རྒྱལ་རྒོད་བསད། དེའི་རྗེས་སུ་རྒྱུད་ཆད་ནས་ཐོའོ་ཛི་ཞེས་པའི་རྒྱལ་པོ་གཞན་གཅིག་བྱུང་བའི་དུས་སུ། ཇིང་གི་རྒྱལ་པོས་རྒྱལ་ས་ཕྲོགས་ཏེ། མི་ཉག་རྒྱལ་པོ་སྲོག་མེ་ཡིན། ཇིང་གི་རྒྱལ་པོའི་སྲོག་ཆུ་ཡིན་པའི་དོན་ལ།ཇི་ཙམ་འཐབ་ཀྱང་མ་ཐུབ་པ་ཡིན། མི་ཉག་རྒྱལ་རྒོད་ཀྱི་སྐྱེ་བ་རྒྱལ་པོ་གོ་དན་ཡིན། ཁོང་བྱང་ངོས་སུ་སླེབས་པ་དང་། སྔར་རྒྱལ་རྒོད་བསད་