R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 6
[A:6]ཚད་དྲུག་སྟོང་དང་ཕྱེད་དང་བཞི་བརྒྱ་ཡོད་དོ། །དེའི་ཤར་ན་རྔ་ཡབ་དང་། ནུབ་ན་རྔ་ཡབ་གཞན་ཞེས་བྱ་བ་གླིང་གཡོག་གཉིས་ཡོད་དོ།།འཛམ་བུ་གླིང་འདིའི་ཡུལ་དབུས་སུ་གྱུར་པ་ནི་མ་ག་ཏ་སྟེ། དུས་གསུམ་གྱི་རྒྱལ་བ་འབྱུང་བའི་གནས་སུ་གྱུར་པའོ། །དེ་ནས་བྱང་དུ་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་དཔལ་དང་ལྡན་པ་ཞེས་བྱ་བ་ཡོད་དོ། །དེའི་ཕ་རོལ་ན་རི་བོ་སྤོས་ངད་ལྡང་ཞེས་བྱ་བ་ཡོད་དོ། །དེ་གཉིས་ཀྱི་བར་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་མཚོ་མ་དྲོས་པ་ཞེས་བྱ་བ་དབྱིབས་གྲུ་བཞི། ངོས་རེ་རེ་ལ་དཔག་ཚད་ལྔ་བཅུ་ལྔ་བཅུ་དང་། ཟབས་ཡང་དཔག་ཚད་ལྔ་བཅུ་ཡོད་པ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱས་འཁོར་བ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་ཡོད་དོ། །དེ་ལས་ནི་ཆུ་བོ་ཆེན་པོ་བཞི་འབབ་སྟེ། ཆུ་བོ་གང་གཱ་ནི་ཤར་ནས་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་དངུལ་གྱི་བྱེ་མ་་འདྲེན་ཅིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ་ཤར་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །ལྷོ་ནས་སིནྡྷུ་ནི་བྲག་ཁྱུང་མཆོག་གི་ཁ་འདྲ་བ་ནས་བཻ་ཌཱུརྱའི་བྱེ་མ་འདྲེན་ཅིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །ནུབ་ནས་དཔག་བྲུ་བྲག་རྟའི་ཁ་འདྲ་བ་ནས་ཤེལ་གྱི་བྱེ་མ་འདྲེན་ཅིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ་ནུབ་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །བྱང་ནས་སི་ཏ་བྲག་སང་གེའི་ཁ་འདྲ་བ་ནས་གསེར་གྱི་བྱེ་མ་འདྲེན་ཅིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ་བྱང་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །ཆུ་དེ་དག་གིས་ནི་མཚོ་མ་དྲོས་པ་ལ་ལན་བདུན་