R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 71
[A:71]སྨད་གསོལ་ཆད་འདི་རྣམས་སྔོན་གྱི་ཡི་གེ་རྣམས་ལ་མི་འདྲ་བ་མང་དུ་སྣང་ཞིང་། ཁྱད་པར་དུ་སྟོད་ཀྱི་མགོན་གསུམ་གྱི་གཅེན་པོ་གཉིས་ཀྱི་རྒྱུད་གསལ་མི་སྣང་ཡང་། སྐུ་མཆེད་གསུམ་གྱི་ཆེ་བ་དཔལ་གྱི་མགོན་གྱིས་མང་ཡུལ་བཟུང་ཞེས་བྱུང་བས་ད་ལྟའི་ཇོ་བོ་རས་ཆེན་ཁུ་དབོན་གྱི་བར་དུ་བརྒྱུད། བར་པ་བཀྲ་ཤིས་མགོན་གྱིས་སྤུ་རངས་སུ་བྱོན་པ་དང་། བཙན་ཕྱུག་ལྡེ་ནས་བརྒྱུད་པ་ཡ་ཙེའི་རྒྱལ་རྒྱུད་ཆད་པས།སྤུ་རངས་ནས་གདན་དྲངས། དེའང་ད་དུང་གདུང་ཆད་ནས། ཡ་ཙེ་དང་སྤུ་རངས་གཉིས་ཀའི་གདུང་ཆད་པར་སེམས་ཏེ། བློ་དང་ལྡན་པ་གཞན་ལ་དྲིས་ནས་སྐབས་འདིར་བྲི་བར་བྱའོ། ༑ལྷ་བླ་མ་ཁུ་དབོན་གྱི་སྐབས་འདིར་ལོ་ཙྪ་བ་བུ་སྟོན་གྱི་ཆོས་འབྱུང་ལྟར་བྲིས་པ་ཡིན་གྱི། འོན་ཀྱང་ཇོ་བོ་རྗེ་སྤྱན་དྲངས་ཚུལ་མི་འདྲ་བ་ཅུང་ཟད་སྣང་ཞིང་། རྒྱས་པར་འོག་ཏུ་བཤད་པར་བྱའོ། །མངའ་བདག་ཁྲི་ལྡེའི་སྲས་འབར་ལྡེ། དེ་ནས་རིམ་པ་བཞིན་བཀྲ་ཤིས་རྗེ། བྷ་ལྡེ། ན་ག་ལྡེ་བ་རྣམས་བྱོན། ན་ག་ལྡེའི་སྲས་བཙན་ཕྱུག་ལྡེ་ཡ་ཙེར་བྱོན།དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་དྲག་བཙན་ལྡེ། དེའི་སྲས་གྲགས་པ་ལྡེས་གསེར་བྲེ་བདུན་ཅུ་ལ་འཇམ་དབྱངས་ཀྱི་སྐུ་བཞེངས། ཉི་ཤུ་རྩ་བཞི་ལ་མཆོད་རྟེན་བཞེངས། དངུལ་དཀར་ལྔ་བརྒྱ་ལ་ཕག་མོ་དང་ལྷན་སྐྱེས་བཞེངས། དངུལ་དཀར་སྟོང་ཕྲག་བཅུ་གཉིས་ཀྱིས་བྱམས་པ་བཞེངས། གསུང་རབ་མང་པོ་བཞེངས། དེའི་སྲས་ཨ་སོག་ལྡེས་རྒྱ་གར་རྡོ་རྗེ་གདན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཕུལ་བའི་