[A:82]ལ་སོགས་བུ་བཅུ་གཅིག་ཡོད། སྟོབས་ཀྱི་འཁོར་ལོ་སྒྱུར་བ་གོ་པེ་ལ་འདི་དགུང་ལོ་བཞི་བཅུ་རྩ་དྲུག་བཞེས་པ། ལྕགས་ཕོ་སྤྲེའུའི་ལོ་ལ་རྒྱལ་སར་བཞུགས་ནས། ཇོ་ཐུང་ལོ་ལྔ། སྤྱི་དབེན་ལོ་སུམ་ཅུ་སྟེ།སྤྱིར་རྒྱལ་སར་ལོ་སུམ་ཅུ་རྩ་ལྔ་བཞུགས་པ་ལ། བླ་མ་འཕགས་པ་དང་ཡོན་མཆོད་དུ་འབྲེལ། བསྟན་པའི་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད་པ་རྣམས་བརྗོད་ཀྱིས་མི་ལང་། ཁྱད་པར་དུ་ཤང་ཏོ་དང་ཏའི་ཏུའི་ཕོ་བྲང་ཆེན་པོ་དང་། མཆོད་རྟེན་དཀར་པོ་ལ་སོགས་པ་བཞེངས། དོན་གཅིག་ལ་སྨན་རྩེའི་རྒྱལ་ཁམས་ཆེན་པོ་འོག་ཏུ་འཇུག་པར་དགོངས་ནས། བླ་མ་འཕགས་པ་ལ་ལུང་བྱོན་ནས།ལྷོ་ཕྱོགས་འདི་ནི་སྨན་རྩེའི་རྒྱལ་ཁམས་ཡོད་པ་རྣམས་འོག་ཏུ་བཅུག་ནས། བསྟན་པའི་ཞབས་ཏོག་དང་། ཧོར་གྱི་དམག་མི་རྣམས་ལ་ཤེ་མོང་སྣོན་པ་ཨེ་འཐད་བྱས་པས། བླ་མ་ཆེན་པོའི་གསུང་གིས།ད་ལྟ་ཁྱེད་ལ་གཡོག་བཟང་པོ་མི་འདུག ངེད་ཀྱིས་ཀྱང་དཀོན་མཆོག་ལ་གསོལ་བ་འདེབས། སྐབས་ལྟ་གསུང་། སྐབས་དེར་ཇུ་ཇུ་མགོན་ཁང་བཞེངས་ཏེ། ཆོས་སྐྱོང་གི་ཞལ་ལྷོ་ཕྱོགས་སུ་གཟིགས་པ་བྱས། ཡང་སྔར་ཟོ་རོག་ཏའི་བུ་རྣམས་རྒྱལ་ཁམས་བསྒོས་པའི་དུས་ན་དཔོན་མོ་ཟོ་རོག་ཏའི་གསུང་གིས་ཧུ་ལ་ཧུ་གཞོན་པ་འདི་སོག་པོའི་ཡུལ་ཁམས་རིང་པོ་ལ་འགྲོ་བ་སྙིང་རེ་རྗེ་ཟེར་ནས། གཡོག་བཟང་བཟང་ཐམས་ཅད་ཕྱིན་པས། མི་དཔོན་བཟང་པོ་མང་པོ་ཡོད་པའི་དོན་ལ། བ་ཡན་གོང་མ་ལ་ཞུ་ལན་འདེགས་པ་དང་། འདབ་ནོར་