R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 8
[A:8]སྙན་ཞེས་བྱ་བའི་གླིང་། གླིང་གཡོག་གཉིས་དང་བཅས་པ་ཡོད་དེ་དབྱིབས་གྲུ་བཞིར་གནས་སོ། །ཕྱིའི་རྒྱ་མཚོའི་ནུབ་ན་བ་ལང་སྤྱོད་ཅེས་བྱ་བའི་གླིང་། གླིང་གཡོག་གཉིས་དང་བཅས་བ་ཡོད་དེ་དབྱིབས་ཟླུམ་པོར་གནས་སོ། །འཛམ་བུའི་གླིང་གི་ཁོར་ཡུག་ན་སེང་གའི་གླིང་དང་། གསེར་གླིང་དང་། ཟླ་བའི་གླིང་ལ་སོགས་པའི་གླིང་ཕྲན་དུ་མ་ཡོད་པ་ནི་འཛམ་བུའི་གླིང་དུ་གཏོགས་ལ། གླིང་གཞན་དག་གི་གླིང་ཕྲན་ཡང་དེ་དང་མཚུངས་པ་ཉིད་དོ། །འདི་ནས་སྟེང་དུ་དཔག་ཚད་བཞི་ཁྲི་འཕགས་པའི་ནམ་མཁའ་ལ། དྭངས་ཤིང་སྒྲིབ་པ་མེད་ལ་ཤིན་ཏུ་བརྟན་པའི་རླུང་གི་དཀྱིལ་འཁོར་གཡས་ཕྱོགས་སུ་འཁོར་བ་ལ་ཉི་མ་དར་། ཟླ་བ། རྒྱུ་སྐར་ལ་སོགས་པ་རྟེན་ཞིང་དེ་དག་ལ་ནི་ནམ་མཁའ་ལ་རྒྱུ་བའི་ལྷ་རྣམས་གནས་སོ། །རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ་པའི་གྲོང་ཁྱེར་ལྟ་ན་སྡུག་དང ། དེའི་དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་། འདོད་ཡོན་ཐམས་ཅད་ཀྱི་འབྱོར་པ་ཡོད་དོ། །དེ་ནས་སྟེང་དུ་དཔག་ཚད་བརྒྱ་ཁྲི་འཕགས་པ་ན་མཐའ་བྲལ་བའི་ལྷའི་གནས་རིན་པོ་ཆེའི་ས་གཞི་ཡོད་དོ། །དེ་ནས་དཔག་ཚད་འབུམ་དང་དྲུག་ཁྲི་འཕགས་པའི་ནམ་མཁའ་ལ།དགའ་ལྡན་པའི་ལྷའི་གནས་རིན་པོ་ཆེའི་ས་གཞི་ཡོད་དོ། །དེ་ནས་སྟེང་དུ་དཔག་ཚད་སུམ་འབུམ་ཉི་ཁྲི་འཕགས་པ་ན་རིན་པོ་ཆེའི་ས་གཞི་ལ་འཕྲུལ་དགའ་བའི་ལྷ་ནམས་གནས་སོ། །དེ་ནས་སྟེང་དུ་དཔག་ཚད་དྲུག་འབུམ་བཞི་ཁྲི་འཕགས་པ་ན་རིན་པོ་ཆེའི་ས་གཞི་ལ་གཞན་