R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 9
[A:9]འཕྲུལ་དབང་བྱེད་པའི་ལྷ་རྣམས་གནས་ཏེ། དེ་མན་ཆད་ནི་འདོད་པའི་ཁམས་སོ། །དེའི་སྟེང་ན་བསམ་གཏན་དང་པོའི་གནས་ཡོད་དོ།།དེ་ལྟར་ན་གླིང་བཞི་དང་། རི་བདུན་དང་། ཁོར་ཡུག་དང་།འདོད་པའི་ལྷའི་གནས་དྲུག་དང་། བསམ་གཏན་དང་པོ་མན་ཆད་ལ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། དེ་གཅིག་ནས་བགྲངས་པའི་སྟོང་ལ་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ།ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །དེ་གཅིག་ནས་བགྲངས་པའི་སྟོང་ལ་ནི་སྟོང་གཉི་ས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ཡང་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །དེ་གཅིག་ནས་བགྲངས་པའི་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། ཁོར་ཡུག་ཏུ་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །དེ་ལ་ནི་གླིང་བཞི་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡོད་དེ། དེ་དག་ལ་ནི་བཀྲམ་པའོ། །དེ་ལ་བསམ་གཏན་དང་པོ་ནི་གླིང་བཞི་པའི་འཇིག་རྟེན་དང་ཚད་མཉམ་མོ། །དེའི་སྟེང་ན་བསམ་གཏན་གཉིས་པ་ཡོད་དེ། སྟོང་ཆུང་ངུའི་འཇིག་རྟེན་དང་ཚད་མཉམ་མོ། །དེའི་སྟེང་ན་བསམ་གཏན་གསུམ་པའི་གནས་ཡོད་དེ། སྟོང་གཉིས་པ་བར་མའི་འཇིག་རྟེན་དང་ཚད་མཉམ་མོ། །དེརི་སྟེང་ན་བསམ་གཏན་པ་ཡོད་དེ། སྟོང་གསུམ་གྱི་འཇིག་རྟེན་དང་ཚད་འཚམ་མོ། ༑དེ་དག་གི་བར་ཐག་གི་ཚད་ནི་འོག་མ་འོག་མ་བས་ཉིས་འགྱུར་གྱིས་འཕགས་སོ། །དེ་དག་ནི་གཟུགས་ཀྱི་ཁམས་ཞེས་བྱའོ། །གཟུགས་མེད་པའི་ཁམས་ལ་