R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 92
[A:92]གསེར་མང་པོ་བསྐུར་ནས་འོ་སྐོལ་བོད་འདིར་བསྟན་པ་ལ་འཕེལ་འགྲིབ་མང་བར་བྱུང་། ཁྱད་པར་གསང་སྔགས་པ་རྣམས་ཀྱིས་སྔགས་སྒྲ་ཇི་བཞིན་པར་བཟུང་ནས། སྦྱོར་སྒྲོལ་ལ་སོགས་སྤྱོད་རྩིང་མང་དུ་བྱས།བསྟན་པ་འགྲིབ་པ་ལ་ཐུག སྔར་ཡབ་མེས་ཀྱི་དུས་སུ་གདན་དྲངས་པའི་པཎྜི་ཏ་ཆང་ཆུང་དེ་རྣམས་ཀྱིས་ཀྱང་བསྟན་པ་ལ་ཕན་པ་ཆེར་མ་བྱུང་། ད་ལྷ་བླ་མ་ཆེན་པོ་དེ་ཡང་ཐུགས་དགོངས་རྫོགས་པ་གཅིག་བྱ་དགོས་བསམ་པར་དགོངས་ནས། ཇོ་བོ་ཆེན་པོ་ཅིས་ཀྱང་གདན་འདྲོངས་པ་གཅིག་བྱེད། འདུལ་བ་འཛིན་པ་ཚུལ་ཁྲིམས་རྒྱལ་བ་ཁྱོད་ལ་ལམ་རྒྱུས་ཀྱང་ཡོད། ལོ་ཙྪ་ཡང་ཤེས་པས། ཇོ་བོ་སྤྱན་འདྲེན་པ་ལ་སོང་། ཅི་ནས་ཀྱང་ཇོ་བོ་སྤྱན་མ་འདྲོངས་ན། པཎྜི་ཏ་བོད་ལ་ཕན་ཐོགས་པ་གཅིག་གདན་དྲོངས་གསུངས་ནས། ཁོང་གི་གཡོག་ཏུ་ཨན་སྟོན། ཀན་སྟོན། རྒྱ་སྟོན་བྱ་བ་གསུམ་དང་།འཕྲལ་སྐད་ཤེས་པའི་མི་གཅིག་ཏེ། དཔོན་གཡོག་ལྔ་ལ་གསེར་ཚད་མེད་བསྐུར་ནས་བརྫངས། ཤྲའི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་ཕྱགས་ཕེབས། རྒྱ་བརྩོན་འགྲུས་སེང་གེ་ལ་ལྷ་བླ་མའི་གསུང་འཕྲིན་རྣམས་བསྒྱུར། ཇོ་བོ་སྤྱན་མ་འདྲོངས་ན། གཞན་པཎྜི་ཏ་ཇི་ལྟ་བུ་ཡོད་ཅེས་གྲོས་བྱས་པས། རྒྱ་བརྩོན་འགྲུས་སེང་གེའི་ཞལ་ནས།པཎྜི་ཏ་དག་འདི་ལྟ་བུ་མང་པོ་ཡོད་དེ། དེ་རྣམས་ཀྱིས་བོད་ལ་ཕན་ཐོགས་པ་དཀའ་བར་འདུག ད་དུང་ཇོ་བོ་རང་སྦྱན་འདྲེན་པ་ཡིན་པས་འདི་ལྟར་གྱིས་ཤིག་ཟེར། ཅེས་ཞལ་ལྟ་ཞིབ་ཏུ་བྱོན་ནས། རྒྱ་