[A:97]བཅས་པ་ལུང་བསྟན། གཞན་ཡང་ཐུགས་དམ་གྱི་ལྷ་རྟེན། རྣལ་འབྱོར་པ་བཞིས་གཙོ་མཛད། འཁོར་ཐམས་ཅད་དང་བཅས་པ་དགེ་བཤེས་སྟོན་པ་ལ་གཏད། ཞལ་ཏ་ཐེམས་དང་བཅས་པ་མཛད་ནས་ས་ཕོ་རྟའི་ལོ་དབྱུག་གུ་ཟླ་བའི་ཚེས་ཉི་ཤུ་ལ་མགོན་པོ་ཨ་ཏི་ཤ་དེ་ཉིད་སྙེ་ཐང་དུ་མྱ་ངན་ལས་འདས་སོ། །ས་མོ་ལུག་གི་ལོ་ལ་ཕྱིའི་རྟེན་དང་དངུལ་གདུགས་ཅན་ཐམས་ཅད་ཚར་བ་མཛད། དེ་ནས་དགེ་བཤེས་སྟོན་པ་རང་གི་འཁྲུངས་ཡུལ་གནམ་ངོས་ལ་རིམ་གྱིས་བྱོན་ཏེ། ཕྲེང་ཁ་བེར་ཆུང་བྱ་བས་གདན་དྲངས་ནས། བྱང་རྭ་སྒྲེང་དུ་བྱོན་ཏེ་གཟིགས་པས། རྒྱབ་ན་བྲག་རྡོ་འདྲ་བ། མདུན་ན་མཚོ་གཡུ་རུང་འཁྱིལ་པ་འདྲ་བ། གཡས་གཡོན་གྱི་རི་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་ཡོན་ཏན་དུ་མ་འདུག་པས། ལུང་བསྟན་པའི་གནས་དེ་ཡིན་པར་མཁྱེན་ནས། དེ་ནུབ་སེང་གེ་བྲག་ཁུང་དུ་རྨི་ལམ་བརྟགས་པས། དབུ་རྩེ་རྙིང་མའི་ཤུལ་དེ་ནས་མཆོད་རྟེན་གཅིག་འདུག་པ་ལས་འོད་འཕྲོས་པའི་སྣ་ལ་གཙུག་ལག་ཁང་གན་ཇི་ར་ལྷག་གེ་བ་ད་ལྟ་ཇི་ལྟར་ཡོད་པ་བཞིན་དུ་གྱུར་ཡང་དེ་རྣམས་ལས་འོད་འཕྲོས་པས་བོད་ཁམས་གསལ་བར་བྱས་པ་གཅིག་རྨིས་པས། གསེར་གྱི་མཆོད་རྟེན་འདུག་པའི་ས་དེར། ལྕགས་མོ་བྱའི་ལོ་ས་ག་ཟླ་བའི་ཚེས་གཅིག་ལ་གཙུག་ལག་ཁང་ཀ་གཉིས་མ་རྨང་བཏིང་ནས་བཞེངས་ཏེ། རྭ་སྒྲེང་གི་དགོན་པ་འོག་མར་གྲགས་པ་བཏབ། དགེ་བཤེས་སྟོན་པས་ལོ་དགུར་གདན་སའི་མངའ་བདག་མཛད་དེ། དགུང་ལོ་དྲུག་ཅུ་བཞེས་