R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༤༡
[A:༤༡]བཅས་འབུམ་དུ་ལོངས་པ་ལ་ཆོས་འཁོར་ཆེན་པོ་བསྐོར། གསེར་གྱི་ཕུང་པོ་འབྲུ་ལྟར་སྤུངས་ཏེ་རེ་རེའི་ཕྱག་ཏུ་འགྱེད་པ་དང་། ཇ་དང་འབྲུ་སོགས་གྱ་ནོམ་པ་བསྟངས་པར་མཛད་དེ་བླ་ཆེན་ཉིད་ཀྱིས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བརྡའ་དོན་འཕྲོད་ངེས་སུ་འབོགས་པར་མཛད། དེས་ན་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །སྟོན་པའི་བསྟན་པ་གསལ་བར་མཛད། །ཅེས་པའི་དྷ་ཞེས་བྱ་བའི་བློ་གྲོས་ཀྱི་མཚན་ཟུར་དང་པོ་དང་། ཚིག་གཉིས་པའི་དོན་སྡོམ་བརྩོན་རྒྱལ་པོའི་ཚུལ་བཟུང་ནས་སྟོན་པའི་བསྟན་པ་རྒྱས་པར་མཛད་པས་ལུང་བསྟན་པར་གྲུབ་བོ།། འཕགས་པའི་སྐུ་མཆེད་འགྲོ་མགོན་ཕྱག་ན་ནི་བོད་ཀྱི་ཆོས་སྲིད་བསྐྱངས་ཤིང་ཤི་བ་སློང་ནུས་པ་འཁོར་གསུམ་ཉི་ཟེར་ལ་འགེལ་བ་གྲག་ལ་ཕྱག་མཛས་ཆུ་བཏོན་པ་སོགས་ཕུལ་དུ་གྱུར་པའི་ཡོན་ཏན་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས། དེའི་སྲས་དྷ་རྨ་པ་ལས་ཡབ་མེས་ཀྱི་ཆོས་སྲིད་མངའ་ཐང་འཛིན་ཅིང་སྐུ་གཞོན་ནུར་གཤེགས།