R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 33
[A:33]གྱིས་རྒྱལ་པོ་དགྲ་ཐུལ་ཞེས་བྱ་བའི་ཕོ་བྲང་པདྨོ་ཅན་ཞེས་བྱ་བའི་ཚོང་འདུས་ཀྱི་དབུས་སུ་ཕྱིན་ཏེ། དེའི་ཚེ་དགྲ་ཐུལ་གྱིས་བྲམ་ཟེ་མར་མེའི་བདག་པོ་ཞེས་བྱ་བ་ལ་རྒྱལ་སྲིད་བྱིན་ཏེ་གཉིས་ཀ་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང༌། མར་མེའི་བདག་པོ་ལ་ཁྱེའུ་འོད་གསལ་ཞིང་མཛེས་པ་ཞིག་བཙས་པས་བྲམ་ཟེ་མཚན་མཁན་གྱིས་བྱང་ཆུབ་ཏུ་ལུང་བསྟན་ཏེ། དེའི་མིང་མར་མེ་མཛད་ཅེས་བྱ་བར་བཏགས་སོ། །དེ་ནས་མ་མ་དག་གིས་བསྐྱེད་བསྲིངས་ཏེ་རིང་པོ་མ་ལོན་པར་མཁས་པར་གྱུར་པ་དང་གཙང་མའི་ལྷས་བསྐུལ་ཏེ། བཙུན་མོའི་འཁོར་གྱི་ནང་འདིར་ནི། །ཡོན་ཏན་འབྱུང་གནས་གྱུར་པ་མེད། །དྲང་སྲོང་རྒྱལ་མཚན་གནས་ན་ནི། །བྱང་ཆུབ་དམ་པ་རྟོགས་པར་འགྱུར། །ཞེས་གསན་པ་དང༌། ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བས་དེ་ཉིད་ཀྱི་མཚན་མོར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དགྲ་ཐུལ་གྱིས་བྲམ་ཟེ་མར་མེའི་བདག་པོ་ཁྱོད་ཀྱི་སྲས་ཞིག་སངས་རྒྱས་སོ་ཞེས་ཐོས་པས་དེ་བདག་གི་དྲུང་དུ་གཤེགས་སུ་གསོལ། གལ་ཏེ་མི་གཤེགས་ན་བདག་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་མཆིའོ་ཞེས་ཕོ་ཉ་བཏང་བ་དང༌། དེ་བཅོམ་ལྡན་འདས་ཉིད་ལ་གསོལ་བས་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་ཅུ་དང༌། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་བཅས་པ་དགྲ་ཐུལ་གྱི་ཕོ་བྲང་དུ་སྤྱན་དྲངས་ཏེ་ནམ་མཁའ་ལ་ལྷ་རྣམས་མེ་ཏོག་དང་རོལ་མོ། སིལ་སྙན་གླུ་དབྱངས་དང་བཅས་ཏེ། བཞུགས་པ་མཐོང་ནས་ཁྱེད་ཅི་བྱེད་དྲིས་པ་དང༌། ཁྱོད་ཀྱིས་མི་ཤེས་སམ་འདི་ན་དེ་བཞིན་གཤེགས་པ་མར་མེ་མཛད་བཞུགས་སོ་ཞེས་ཟེར་རོ། །དེ་སྐྱི་བུངས་ཞེས་བྱེད་དེ་ཀྱེ་མ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་ཨུ་དུམ་ཝ་རའི་མེ་ཏོག་བས་ཀྱང་ཆེས་རྙེད་པར་