[A:32]བ་གྲངས་མེད་པ་གཅིག་ཏུ་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་ཚོགས་གཉིས་བསགས་པས་ཚོགས་སྦྱོར་གྱི་ལམ་གཉིས་ལས་འདས་ཏེ་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་གྱུར་ཏོ། །དེ་ཡང་ཕུང་པོའི་རྒྱུན་ལ་བརྡར་བཏགས་པའི་སྐྱེ་གནས་ཤིག་སྟོང་བཞིའི་རང་བཞིན་བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་གཅིག་ཏུ་རྩིས་སོ། །ཞེས་འཆད་དོ། །དེ་ནས་གྲོང་ཁྱེར་འཛམ་བུ་ཆུ་བོའི་གསེར་ཞེས་བྱ་བར་རྒྱལ་པོ་མཛེས་པར་སྣང་བ་ཞེས་བྱ་བའི་སྣང་ཆེན་པོ་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ཅེས་བྱ་བ་ཉན་ཐོས་བྱེ་བ་ཕྲག་བཅུ་དང་བཅས་པ་འཇིག་རྟེན་དུ་བྱོན་པ་ལ་རྗེས་སུ་བསྟན་པ་ཐོབ་ཅིང་དེ་ལ་ལོ་སྟོང་དུ་བསྙེན་བཀུར་བ་ནས་བཟུང་སྟེ། བསྐལ་བ་གྲངས་མེད་པ་གཅིག་ཏུ་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་ཚོགས་གཉིས་བསགས་པས་ས་གཉིས་པ་དྲི་མ་མེད་པ་དང༌། གསུམ་པ་འོད་བྱེད་པ་དང༌། བཞི་པ་འོད་འཕྲོ་བ་དང༌། ལྔ་པ་སྦྱང་དཀའ་བ་དང༌། དྲུག་པ་མངོན་དུ་གྱུར་པ་དང༌། བདུན་པ་རིང་དུ་སོང་བ་སྟེ། མ་དག་པའི་ས་བདུན་ནོན་ནས་ས་བརྒྱད་པ་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པས་སློབ་དཔོན་བྲམ་ཟེ་རིན་པོ་ཆེ་ཞེས་བྱ་བའི་རིག་བྱེད་གསུམ་གྲངས་ངེས་པར་སྦྱོར་བ་དང་བཅས་པ་ཤེས་པ་འཁོར་ལྷ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རི་བོ་གངས་ཅན་ལ་གནས་པ་ཞིག་ལ་རིག་བྱེད་བསླབས་ནས་མཁས་པར་གྱུར་པ་དང༌། བྲམ་ཟེའི་ཁྱེའུས་བདག་ཡུལ་དུ་མཆི་ན་བདག་གིས་བགྱི་བ་ཅི་མཆིས་ཞེས་སྨྲས་པ་དང༌། ཁྱོད་ཀྱིས་ཀར་ཤ་པ་ནི་ལྔ་བརྒྱ་བྱིན་ཅིག་ཅེས་སྨྲས་སོ། །དེ་ནས་དེས་བསྙེན་བཀུར་གྱི་རྒྱུ་བཙལ་བའི་ཕྱིར་ཡུལ་དབུས་ཀྱི་གྲོང་ཁྱེར་དག་ཏུ་ལྗོངས་རྒྱུར་སོང་སྟེ། མཐར་