[A:37]སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་པ་དང༌། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག ། གྲངས་མེད་གསུམ་གྱི་ཐ་མར་བྱུང༌། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་པས་གྲངས་ཚད་དང་བཅས་པར་འདོད་ལ། ཐེག་ཆེན་པས་ནི་མ་ཡིན་ནོ། །དེ་ལྟར་གྲངས་མེད་གསུམ་དུ་སངས་རྒྱས་དང་སེམས་ཅན་ལ་ཕར་ཕྱིན་དྲུག་གིས་ཚོགས་གཉིས་བསགས་པས་དགའ་ལྡན་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏོ།། །།
༈ གསུམ་པ་སངས་རྒྱས་བརྙེས་པའི་ཚུལ་ནི། རྒྱུད་བླ་མ་ལས། ཐུས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་དབྱིངས་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་ཞུགས་དང་བལྟམས་པ་དང༌། །བཟོ་གནས་དག་ལ་མཁས་པ་དང༌། །བཙུན་མོའི་འཁོར་དུ་དགྱེས་རོལ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པས་མཛད་པ་བཅུ་གཉིས་ཏེ། དགའ་ལྡན་གྱི་གནས་ནས་འཕོ་བ་དང༌། ཡུམ་གྱི་ལྷུམས་སུ་འཇུག་པ་དང་༑ ལུམྦིའི་ཚལ་དུ་བལྟམས་པ་དང༌། བཟོའི་གནས་ལ་མཁས་པ་དང༌། བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་པ་དང༌། ངེས་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་སྙིང་པོར་གཤེགས་པ་དང༌། བདུད་བཏུལ་བ་དང༌།