R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 38
[A:38] སངས་རྒྱས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པའི་མཛད་པའོ།། །། ༈ འདི་ཡང་ཉན་ཐོས་པས་དང་པོ་དགུ་ཚོགས་ལམ་གྱི་དང༌། ཐ་མ་གསུམ་སངས་རྒྱས་ཀྱི་སར་འདོད་ལ། ཐེག་པ་ཆེན་པོས་དང་པོ་དགུ་ས་བཅུའི་དང༌། ཐ་མ་གསུམ་སངས་རྒྱས་ཀྱི་མཛད་པའོ། །ཞེས་འཆད་ཅིང༌། ཁ་ཅིག་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་ཞེས་པས་ཐམས་ཅད་ཀྱང་ཐུབ་པ་ཉིད་ཀྱིས་མཛད་པར་འདོད་དོ། །དེ་ལ་མཛད་པ་དང་པོ་ནི། ཉིད་ཀྱི་བསོད་ནམས་ཀྱི་མཐུ་དང༌། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས་ལྷའི་རོལ་མོའི་སྒྲ་དག་ལས། བྱང་ཆུབ་སེམས་དཔའ་ལ་བསྐུལ་བའི་ཚིགས་སུ་བཅད་པ། བསོད་ནམས་རྒྱ་ཆེན་ཚོགས་མངའ་དྲན་རྟོགས་དང༌། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་མཐུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། །སྐྱེས་མཆོག་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན། ། འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། །སྣོད་གྱུར་གང་དུ་ནོར་བུ་རིན་པོ་ཆེ། ། བཞག་ན་དཔལ་དང་ལྡན་པར་འགྱུར་བ་བཞིན། །ནོར་བུ་རིན་ཆེན་ལྟ་བུ་དྲི་མེད་ཐུགས༑ ༑འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། །ཅེས་པ་གསན་པ་དང༌། གླིང་དང༌། དུས་དང༌། ཡབ་ཡུམ་དག་ལ་གཟིགས་པས་སྐབས་མཁྱེན་ནས་གཤེ གས་པར་རྩོམ་པ་དང༌། ལྷ་རྣམས་ལ་རྗེས་སུ་བསྟན་པ་མཛད་དེ། ཆོས་ཀྱི་རྒྱལ་མཚན་མཐོན་པོ་ཞེས་བྱ་བ་གཞལ་ཡས་ཁང་ཆུ་ཞེང་དཔག་ཚད་དྲུག་ཅུ་རྩ་བཞི་ཡོད་པའི་ནང་དུ་སེང་གེའི་ཁྲི་ལ་བཞུགས་ནས། གྲོགས་པོ་དག་ངས་འཆི་འཕོ་