[A:40]ཟེ་རྒྱུ་རྒྱལ་དང༌། བྲམ་ཟེ་རྣ་ལྟོས་དང༌། བྲམ་ཟེ་བཟང་ལྡན་དང༌། བྲམ་ཟེ་ཚངས་པའི་ཚེ་དང༌། བྲམ་ཟེ་པདྨའི་སྙིང་པོ་དང༌། བྲམ་ཟེ་དམར་པོ་སྟེ་རྗེས་སུ་སྒྲོགས་པ་དྲུག་དང༌། རེངས་བྱེད་ཀྱི་བུ་ལྷག་སྤྱོད་དང༌། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང༌། ཀུན་ཏུ་རྒྱུ་རབ་བཟང་དང༌། བྲམ་ཟེའི་ཁྱེའུ་ཀུན་རྒྱལ་དང༌། དྲང་སྲོང་ཉོན་མོངས་མེད་དང༌། ལྟེང་རྒྱས་འོད་སྲུངས་དང་(ཏེ)། སྙོམས་པར་འཇུག་པ་དྲུག་སྟེ། རྟོག་གེ་བ་དྲུག་གསུམ་བཅོ་བརྒྱད་ཀྱིས་མ་རུངས་པར་བགྱིད་པས་དེར་གཤེགས་པའི་སྐབས་མ་ལགས་སོ། །བྱང་ཆུབ་སེམས་དཔས་གསུངས་པ། གྲོགས་པོ་དག་དུང་གི་སྒྲས་སིལ་སྙན་གཞན་རྣམས་སམ། ཉི་མའི་འོད་ཀྱིས་འོད་གཞན་ལྟར་དེ་རྣམས་ང་ཉིད་ཀྱིས་ཟིལ་གྱིས་གནོན་པར་ནུས་སོ། །ཞེས་སོ། །དེ་ནས་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཉི་མའམ་ཟླ་བའམ་སེང་གེ་ལ་སོགས་པ་གང་གི་རྣམ་པས་ཡུམ་གྱི་ལྷུམས་སུ་བཞུད་ཅེས་ཞུས་པ་ལས། ཚངས་རིས་ཀྱི་ལྷའི་བུ་གཟི་བརྗིད་དམ་པས་སྨྲས་པ། གླང་པོ་ཆེའི་རྣམ་པས་བཞུད་པར་རིགས་སོ་ཞེས་ཟེར་རོ༑ ༑དེ་ནས་བྱང་ཆུབ་སེམས་དཔའ་ལོ་བཅུ་གཉིས་ན་ཡུམ་གྱི་ལྷུམས་སུ་འཇུག་པར་ཤེས་ནས། གཙང་མའི་རིས་ཀྱི་ལྷའི་བུ་བདུད་རྩི་དོན་དུ་གཉེར་བ་དག་ནི། རང་གི་ལུས་མི་སྣང་བར་བྱས། འཛམ་བུའི་གླིང་དུ་བྲམ་ཟེའི་ཆ་བྱད་དུ་སྐྱེ་བ་བཟུང་ནས་བྲམ་ཟེ་རྣམས་ལ་འདི་སྐད་ཅེས་གང་ཞིག་རྣམ་པ་འདི་ལྟ་བུར་མངལ་དུ་ཞུགས་ན། མཚན་སུམ་ཅུ་རྩ་གཉིས་དང༌། ཁྱིམ་ན་གནས་ན་འཁོར་ལོས་བསྒྱུར་བའམ༑ རབ་ཏུ་བྱུང་ན་ལྷ་དང་མིའི་སྟོན་པར་འགྱུར་རོ་ཞེས་རིག་བྱེད་འདོན་དུ་འཛུད་དོ། །ལྷའི་བུ་གཞན་དག་ཀྱང་དེར་སྐྱེ་བ་བླངས་ནས་རང་སངས་རྒྱས་རྣམས་ལ་འདི་སྐད་ཅེས། འཕགས་པ་དག ད་སྟེ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་