R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 41
[A:41]དཔའ་ཡུམ་གྱི་ལྷུམས་སུ་འཇུག་གིས་ཞིང་འདིར་འོར་ཅིག་ཅེས་བསྐུལ་བ་དང༌། རྒྱལ་པོའི་ཁབ་ན་རང་སངས་རྒྱས་གླང་པོ་ཆེ་ཞེས་བྱ་བ་དང༌། ཝཱ་རཱ་ཎ་སཱིའི་རང་སངས་རྒྱས་ལྔ་བརྒྱ་རྣམས་ཤིང་ཏཱ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ཏེ། མེའི་ཁམས་ལ་སྙོམས་པར་ཞུགས་ནས་ལུས་ཡེ་ཤེས་ཀྱི་མེས་ཟད་པར་བྱས་ཏེ་རིང་བསྲེལ་འབའ་ཞིག་བོར་ཞིང་ནམ་མཁའ་ལ་གཤེགས་སོ། །དེའི་ཚེ་ལྷའི་བུ་རྣམས་ཀྱི་བསམ་པར་ཡུལ་ཆེན་པོ་དྲུག་ན་རྒྱལ་པོའི་ཕོ་བྲང་བདུན་ཡོད་དེ། མ་ག་དྷཱ་དང༌། ཀོ་ས་ལ་དང༌། བད་ས་ལ་དང༌། ཡངས་པ་ཅན་དང༌། འཕགས་རྒྱལ་དང་༑ བཅོམ་བརླག་དང༌། ཧ་རི་པུ་ར་ཞེས་བྱ་བ་ཐམས་ཅད་སྐྱོན་དང་བཅས་པར་རིག་ནས། ལྷའི་བུ་ཡེ་ཤེས་ཏོག་གི་རྒྱལ་མཚན་ལ་སོགས་པས། བྱང་ཆུབ་སེམས་དཔའ་ཉིད་གང་དུ་སྐྱེ་བར་བཞེད་ཞུས་པས། གྲོགས་པོ་དག་རྒྱུད་དང༌། ཆོ་འབྲང་འཁོར་དང༌། ཡོ་བྱད་ལ་སོགས་པ་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པའི་རིགས་དང་༑ ཡུམ་ཡང་མཁས་པ་དུལ་བ། མང་དུ་ཐོས་པ་དེས་པ་ལ་སོགས་པ་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པའི་མངལ་དུ་འཇུག་གོ །ཞེས་གསུངས་སོ། །དེ་རྣམས་ཀྱིས་བལྟས་པས་ཤཱཀྱའི་རིགས་དང༌། ཤིན་ཏུ་ལེགས་པར་རྟོགས་ཀྱི་བུ་མོ་ལྷ་མོ་སྒྱུ་འཕྲུལ་ཉིད་ལ་སྣང་ངོ་ཞེས་སྒྲོགས་པར་བྱེད་དེ། འཛམ་བུའི་གླིང་འདིར་ཀུན་ཏུ་བལྟས་པ་ན།
རྒྱལ་རིགས་རྒྱལ་བརྒྱུད་ཆེ་བ་གང་ཡིན་པ། །ཀུན་ཀྱང་སྐྱོན་དང་བཅས་པར་རྗེས་བསམས་ནས། །ཤཱཀྱའི་རིགས་ནི་སྐྱོན་དང་བྲལ་བར་མཐོང་༑ ༑ཞེས་སོ།། །། ༈ གཉིས་པ་ལྷུམས་སུ་འཇུག་པ་ནི། མེ་མོ་ཡོས་ཀྱི་ལོ་དཔྱིད་ཟླ་ཐ་ཆུང་སྐར་མ་ས་གའི་ཉའི་ཚེ་སྤྲུལ་པ་ལུས་ལེན་ཀྱི་ཚུལ་བྲམ་ཟེ་རྣམས་ཀྱི་རིག་བྱེད་ལས་