R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 42
[A:42]འབྱུང་བ་བཞིན་དུ་གླང་པོ་ཆེའི་རྣམ་པས། ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ལྷུམས་སུ་ཞུགས་ཏེ། གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་པ། ། རྐང་བཞི་མཛེས་དང་ལྡན་པར་ཞལ་བཞེས་ནས། །དྲང་སྲོང་གནས་ཤེས་པ་ནི་ཇི་བཞིན་དུ། །ཡུམ་གྱི་ལྷུམས་སུ་བདེ་བར་ཞུགས་པར་གྱུར། །ཞེས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཏུ་དགེ་ལྟས་བརྒྱད་བྱུང་སྟེ། ཁང་པ་དགའ་དང་བྱ་མང་འབྱུང༌། ། ཤིང་དང་མེ་ཏོག་ཁ་བྱེ་ཞིང༌། །ལོངས་སྤྱོད་འཕེལ་ཞིང་སྒྲ་རྣམས་འཁྲོལ། །གཏེར་རྣམས་ཁ་བྱེ་འོད་གསལ་བའོ། །དེ་ནས་ཡུམ་གྱིས་རྒྱལ་པོ་ལ་གསོལ་བ། གསེར་གྱི་དྲྭ་བས་རྒྱབ་གཡོགས་སྤྱི་གཙུག་དམར། །ཐལ་དཀར་མཆེ་བ་དྲུག་དང་རབ་ལྡན་ཞིང༌། །དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡི། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བགྱིད། །དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། །སྔོན་ཆད་མཐོང་ཐོས་མྱོང་བར་མ་གྱུར་པའི། །བསམ་གཏན་མཉམ་པར་བཞག་པར་བཞིན་དུ་གྱུར། །ཞེས་པ་དང༌། རྒྱལ་པོས་དགེ་བའི་ཚོགས་ཆེན་པོ་ཡང་བྱས་སོ། །དེ་ནས་ཡུམ་གྱི་ལྷུམས་སུ་བྱང་ཆུབ་སེམས་དཔའ་ཉེ་བར་སྤྱད་པ་ཙན་དན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་རིན་པོ་ཆེ་བཀོད་པ་ཞེས་བྱ་བའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ཏེ། དེར་ཟླ་བ་བཅུ་ཞིག་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་ཅིང་ལྷ་དང་མིའི་སྐྱེ་རྒུ་ཕྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་སྨིན་པར་བྱས་སོ།། །། ༈ གསུམ་པ་བལྟམས་པ་ནི་དེ་ནས་ཟླ་བ་བཅུ་འདས་ཏེ་བཙའ་བའི་དུས་ལ་བབས་པ་དང༌། ཟས་གཙང་མའི་སྐྱེད་མོས་ཚལ་དུ་མེ་ཏོག་རྣམས་ཁ་འབུས་པ་དང་༑ གཏེར་ཆེན་པོ་ཉི་ཁྲི་ཁ་འབུས་པ་དང༌། རིན་པོ་ཆེ་ལ་མྱུ་གུ་སྐྱེས་པ་དང༌། སྒྲ་སྙན་པ་རང་འཁྲོལ་བ་ལ་སོགས་པ་སྔ་ལྟས་སུམ་ཅུ་རྩ་གཉིས་བྱུང་ངོ༌། །དེའི་ཚེ་