[A:43]ལྷ་མོ་སྒྱུ་འཕྲུལ་ལུམྦིའི་ཚལ་ལེགས་པར་བརྒྱན་པར་གཤེགས་པ་དང༌། གཙང་མའི་ལྷ་རྣམས་ཀྱིས་ཕྱག་བྱ་བའི་ཤིང་ལྗོན་པ་བླཀྵ་ཞེས་བྱ་བས་ལྷ་མོ་ལ་བཏུད་དེ་ཕྱག་བྱས་སོ། །དེ་ནས་ཡུམ་གྱིས་ཕྱག་གཡས་པ་ཤིང་དེ་ཉིད་ཀྱི་ཡལ་ག་ལ་འཇུས་ཏེ་བྱ་བརྙོང་མཛད་ཅིང་བཞུགས་པའི་ཚེ། ཡུམ་ལ་གནོད་པ་མེད་པར་སྐུ་རྩིབས་ལོགས་གཡས་ནས་དཔྱིད་ཟླ་ར་བ་ཉའི་ཉིན་ལ་ཉི་མ་ཤར་མ་ཐག་སྐར་མ་རྒྱལ་ལ་བཙས་པ་ན། ལྷ་རྣམས་ཀྱིས་མེ་ཏོག་གཏོར་ཞིང༌། ལྷའི་དབང་པོ་བརྒྱ་བྱིན་རྒན་མོ་གཅིག་ཏུ་སྤྲུལ་ནས་བླངས་པས་དེའི་ང་རྒྱལ་བཅག་པའི་ཕྱིར་ནང་དུ་གཤེགས་ཏེ་སླར་ལ་ཞུམ་པ་བསལ་བའི་ཕྱིར་བྱོན་པ་ན། བརྒྱ་བྱིན་དང་ཚངས་པས་ཀ་ཤི་ཀའི་རས་ཀྱིས་བླངས་སོ། །དེའི་ཚེ་མི་མཇེད་ཀྱི་བདག་པོ་ཚངས་པས་རིན་པོ་ཆེ་བཀོད་པ་ཚངས་པའི་འཇིག་རྟེན་དུ་མཆོད་པའི་ཕྱིར་གྱེན་དུ་བཏེག་ནས་ཁྱེར་རོ། ། དེ་ནས་ཀླུའི་རྒྱལ་པོ་དགའ་བོ་དང༌། ཉེ་དགའ་བོས་དྲི་ཞིམ་པོའི་ཆུས་ཁྲུས་བྱས་པ་དང་༑ ཀོའུ་ཤི་ཀ་ང་ཐོང་གསུངས་ནས་མ་བརྟེན་པར་ཕྱོགས་བཞི་དང་སྟེང་འོག་ཏུ་གོམ་པ་བདུན་བདུན་བོར་བ་དང་པདྨ་བྱུང་སྟེ། ང་ནི་འཇིག་རྟེན་འདི་ན་མཆོག་གོ། ཕུལ་ལོ། །སྐྱེ་རྒ་ན་འཆི་མཐར་ཕྱུང་ངོ༌། །བདུད་ཀྱི་སྡེ་གཞོམ་མོ། །ཞེས་དམ་བཅའ་བས་སེང་གེའི་སྒྲ་བསྒྲགས་སོ། །ཡབ་སྲས་མཇལ་བའི་མདོ་ལས། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ན་གོམ་པ་བདུན་བཞུད་དེ། ། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས༌། །དེ་ཚེ་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །ཞེས་སོ། །དེའི་ཚེ་བཀྲ་ཤིས་པའི་དགེ་ལྟས་སུམ་ཅུ་རྩ་གཉིས་བྱུང་སྟེ་ཕྱོགས་མཚམས་ཐམས་ཅད་དུ་སྣང་བས་ཁྱབ་པ་དང༌། མ་ག་དྷཱར་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ་དང༌། ཀོ་ས་ལར་ཚངས་བྱིན་གྱི་བུ་གསལ་རྒྱལ་དང༌།