R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 44
[A:44] འཕགས་རྒྱལ་དུ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་དང༌། ཀོའུ་ཤཱམྦཱིར་འཕགས་རྒྱལ་གྱི་བུ་འཆར་པོ་སྟེ་ཡུལ་ཆེན་པོ་བཞིར་རྒྱལ་ཕྲན་
༼སྲས་༽
བཞི་བཙས་པ་དང༌། འདུན་པ་ལ་སོགས་པའི་རིམ་གྲོ་པ་ལྔ་བརྒྱ་དང༌། བསྔགས་ལྡན་ལ་སོགས་པའི་རྟེའུ་ཁྲི་དང༌། ཅང་ཤེས་ལ་སོགས་པ་གླང་པོ་ཆེ་ལྔ་བརྒྱ་སྐྱེས་པ་དང༌། གཏེར་ཁ་ལྔ་སྟོང་ཁ་བྱེ་བས་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཞེས་པ་དང༌། ཤཱཀྱ་མི་བསྲུན་པ་ཐམས་ཅད་ཐུབ་པ་བཞིན་དུ་འདུག་པས་ཤཱཀྱ་ཐུབ་པ་ཞེས་དང༌། བྲིས་སྐུ་ལ་སོགས་ཀྱིས་ཕྱག་བྱས་པས་ལྷའི་ལྷ་ཞེས་བཏགས་སོ། །དེའི་ཚེ་རི་བོ་གངས་ཅན་ལ་གནས་པའི་དྲང་སྲོང་ནག་པོ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གིས་ཚོར་བ་དང༌། སྣག་པོ་མེས་སྦྱིན་གྱིས་མཁན་པོ་ཉི་མ་ཐམས་ཅད་ཤར་རམ་ཞེས་པ་ལ། དྲང་སྲོང་གིས། ཉི་མའི་འོད་ཚ་འདི་དག་བསིལ། །ཀུན་ཏུ་འཇུག་པ་ཐུབ་ཆེན་འོད། །བྱང་ཆུབ་སེམས་དཔའ་འོད་པོ་ཆེ། །ལྷུམས་ནས་བལྟམས་པར་གདོན་མི་ཟ། །ཞེས་གསུངས་ཏེ་རྒྱལ་པོའི་ཁབ་ཏུ་རྫུ་འཕྲུལ་གྱིས་འོངས་བ་དང༌། རྒྱལ་པོས། དྲང་སྲོང་ཆེན་པོ་ཅིའི་སླད་དུ་བྱོན་ཞེས་པ་ལ། རྒྱལ་པོ་བདག་ནི་ཁྱོད་ཀྱི་སྲས། །བལྟ་བར་འཚལ་ནས་མཆིས་ལགས་ཏེ། །འཇིག་རྟེན་གཙོ་བོ་རྣམ་འདྲེན་པའི། །ཐུབ་པ་དེ་ནི་བལྟ་བར་འཚལ། །ཞེས་པ་དང༌། རྒྱལ་པོས་གཞོན་ནུ་གཉིད་དུ་སོང་ངོ་ཞེས་སྨྲས་པ་དང༌། རྟ་རྣམས་ཀྱི་ནི་རིགས་དག་ནི། །ནམ་གྱི་གུང་ལ་ཉལ་བར་ལྟར། །དགོས་པ་དོན་དུ་གཉེར་རྣམས་ཀྱི། །མིག་ལ་ཡུན་རིང་གཉིད་མི་གནས། །ཞེས་ཏེ་གཞོན་ནུ་གཉིད་ལོག་པ་ལ་གཟིགས་པས། དེ་ཅིར་འགྱུར་ཤེས་ཏེ་ངོ་མཚར་བ་དང་མྱ་ངན་སྐྱེས། དེའི་ཞབས་ལ་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས་གདོང་མཆི་མ་དང་བཅས་པས། བྲམ་ཟེ་རྣམས་ཀྱིས་ཅི་ཞིག་ཏུ་ལུང་