[A:45]བསྟན་ཞེས་པ་ལ། རྒྱལ་པོས་བྲམ་ཟེ་རྣམས་ཀྱིས་ལུང་ཇི་ལྟར་བསྟན་ལུགས་སྨྲས་པ༑ བཙས་གྱུར་གཞོན་ནུ་དེ་ཡི་མཚན་བལྟས་ནས། །སུམ་ཅུ་རྩ་གཉིས་མཚན་གྱིས་བརྒྱན་པར་མཐོང༌། །འདི་ནི་གཉིས་སུ་འགྱུར་ཏེ་གཞན་དུ་མིན། ཁྱིམ་དུ་བཞག་ན་འཁོར་ལོས་བསྒྱུར་རྒྱལ་ལམ། ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་གྱུར་ན།། འདྲེན་པ་གཞན་གྱི་དྲིང་ལ་མི་འཇོག་པ། །འཇིག་རྟེན་འདིར་ནི་མངོན་རྫོགས་བྱང་ཆུབ་འགྱུར། །ཞེས་པ་ལ་དྲང་སྲོང་གིས་སྨྲས་པ། ས་བདག་རྟོག་གཻ་རྣམས་ཀྱི་བློ་གྲོས་འཁྲུལ། །དུས་ཀྱི་མཐར་ནི་འཁོར་ལོས་བསྒྱུར་མི་འབྱུང༌། །འདི་ནི་བསོད་ནམས་མཆོག་གི་ཆོས་ཀྱི་མཛོད། །ཉེས་པ་རྣམས་ལས་རྒྱལ་བའི་སངས་རྒྱས་འགྱུར༑ ༑མི་གསལ་མཚན་ནི་མི་ཡི་དབང་པོ་སྟེ། །ཤིན་ཏུ་མཚན་གསལ་ཐུབ་དབང་རྫོགས་སངས་རྒྱས། །མི་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ། ཞེས་པ་དང༌། རྒྱལ་པོས་གཞོན་ནུ་ལ་བཀྲ་མི་ཤིས་པ་མེད་དམ་ཞེས་དྲིས་པ་དང༌། གལ་ཏེ་འདི་ལྟར་ནམ་མཁའ་ལ། །རྡོ་རྗེའི་ཆར་དྲག་བབ་གྱུར་ཀྱང༌། །ཐུབ་ཆེན་སྐུ་ཡི་ཁུང་བུ་གཅིག །ཀུན་ཏུ་བསྐྱོད་པར་ནུས་མ་ཡིན༌། །ཞེས་སོ། །འོ་ན་ཁྱོད་ཅིའི་ཕྱིར་ངུ་ཞེས་པ་ལ། མི་དབང་བདག་ནི་ཆོས་མཆོག་མཛོད་འདི་དང༌། །ཕྲད་ནས་དོན་མ་གྲུབ་པར་འཆི་འགྱུར་ཏེ། །ཞི་བ་མི་འཐོབ་རང་གི་ཉེས་མཐོང་ནས། །དེ་ཡི་སླད་དུ་བདག་ནི་ངུ་བར་བསམ། །ཞེས་ཏེ་ཚ་བོ་ལ་ཁྱོད་འདིའི་དྲུང་དུ་རབ་ཏུ་བྱུང་ལ་ཚངས་པར་སྤྱོད་ཅིག་བདུད་རྩི་ཐོབ་པར་འགྱུར་རོ་ཞེས་སྨྲས་ནས། རྐང་གིས་རང་གི་གནས་སུ་སོང་ངོ། །དེ་ནས་ཞག་བདུན་ལོན་པ་དང་ཡུམ་ཚེའི་དུས་བྱས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པས་སྲུ་སྐྱེ་རྒུའི་བདག་མོ་ལ་སོགས་པ། པང་དུ་ལེན་པ་དང༌།ནུ་མ་མནུན་པ་དང༌། དྲི་མ་འཁྲུ་བ་དང༌། རྩེད་མོ་རྩེ་བའི་མ་མ་བརྒྱད་