R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 46
[A:46]དམ་སུམ་ཅུ་རྩ་གཉིས་ཀྱིས་རྒྱ་མཚོའི་པདྨོ་བཞིན་དུ་བསྐྱེད་བསྲིངས་སོ།། །། ༈ བཞི་པ་བཟོའི་གནས་ལ་མཁས་པ་ནི། དེ་ནས་ཙན་དན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་ཤིང་ལྷའི་ཚོན་གྱིས་བྱུགས་པ་གསེར་གྱི་ཡང་མིག་ཅན་ནོར་བུ་རིན་པོ་ཆེས་བརྒྱན་པ་ཐོགས་ཏེ། བྱིས་པ་ཀུན་གྱི་བཤེས་གཉེན་གྱི་ཡི་གེའི་གྲྭར་བྱོན་ནས། སློབ་དཔོན་ལ་ལྷ་དང༌། ཀླུ་དང༌། དྲི་ཟ་དང༌། མིའམ་ཅི་ལ་སོགས་པའི་ཡི་གེ་དྲུག་ཅུ་རྩ་བཞི་ལ་དྲིས་པས། སློབ་དཔོན་གྱི་ཞལ་ནས་བདག་གིས་ནི་དེ་དག་གི་མིང་ཡང་མི་ཤེས་སོ། །ཞེས་ཟེར་བས། བྱང་ཆུབ་སེམས་དཔའ་ཉིད་མཁས་པར་གྱུར་ཏེ། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་ བསླབས་གྱུར་ཀྱང༌། །འཇིག་རྟེན་རྗེས་སུ་གཟུང་བའི་ཕྱིར། །ཡི་གེའི་གྲྭར་ནི་བྱོན་ པར་གྱུར། །ཞེས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་བྱིན་རླབས་ཀྱིས། ཡི་གེའི་ཕྱི་མོ་བསླབ་པའི་ཚེ་ཨ་ཞེས་བརྗོད་པ་ན་འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཞེས་དང་༑ ཨཱ་ཞེས་བརྗོད་པས་ཆོས་ཐམས་ཅད་བདག་མེད་པའོ། །ཞེས་པ་ལ་སོགས་པའི་སྒྲ་བྱུང་བས། བྱིས་པ་སུམ་ཁྲི་ཉིས་སྟོང་སྨིན་པར་བྱས་སོ། །དེ་ནས་རྩིས་པ་ཤཱཀྱ་སྲིད་སྒྲུབ་ཀྱི་དྲུང་དུ་བྱོན་ནས་སྟོང་གསུམ་ལ་རྡུལ་ཕྲ་རབ་ཇི་ཙམ་ཡོད་པའི་རྩིས་དང༌། ཤོད་དགོད་པ་དང༌། འཕོང་དང༌། གྱད་ཀྱི་འཛིན་སྟངས་ལ་སོགས་པ། འཇིག་རྟེན་པའི་བསླབ་པའི་གནས་ཐམས་ཅད་ལ་ཐོགས་པ་མེད་པར་ཤེས་ཏེ་སློབ་དཔོན་བས་ལྷག་པར་གྱུར་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཞིང་པའི་གྲོང་དུ་གཤེགས་ཏེ། ཛམྦུའི་གྲིབ་མ་ལ་བཞུགས་ནས་ཆོས་ལ་སོ་སོར་རྟོག་པ་དང༌། ཡབ་ཀྱིས་བྱང་ཆུབ་སེམས་དཔའ་བཙལ་བས་ཉི་མ་ཡོལ་ཀྱང་ཛམ་བུའི་གྲིབ་མས་མ་བཏང་བར། ལྷའི་དྲང་སྲོང་གཞོན་ནུ་དྲུག་གིས་ཕྱག་འཚལ་བ་གཟིགས་ནས།